ཕུའུ་ཅིན་གྱིས་པེད་ཏིན་དང་ཐད་ཀར་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་བརྒྱད་ཉིན་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་མཉམ་དུ་ཐད་ཀར་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན། 

ཕུའུ་ཅིན་གྱིས་ཨུ་རུ་སིའི་བརྙན་འཕྲིན་ཁང་གི་ཐད་གཏོང་ལེ་ཚན་ལས་ཤིག་ལས་བཤད་རྒྱུར། ཐེངས་སྔོན་མར་ཁོས་པེད་ཏིན་དང་གྲོས་མོལ་བྱས་པ་ནི་པེད་ཏིན་གྱིས་གྲོས་འདོན་བྱས་པ་ཡིན་ལ། ཁོས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་གྲོས་མོལ་སྤེལ་བའི་གྲོས་གཞི་བཏོན་ཡང་། སྦ་གསང་ཅི་ཡང་མེད་པའི་སྒོ་ནས་ཐད་ཀར་དང་མངོན་གསལ་གྱི་གྲོས་མོལ་བྱེད་དགོས་ཟེར། ཕུའུ་ཅིན་གྱིས་བསྟན་དོན། གྲོས་མོལ་དེ་ཚེས་བཅུ་དགུ་དང་ཚེས་ཉེར་གཉིས་ཉིན་བར་སྤེལ་རྒྱུའི་རེ་བ་བཏོན་ཡོད་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱིས་འོས་འཚམ་ཡིན་པར་འདོད་པའི་དུས་སུ་སྤེལ་ཡང་ཆོག ཁོས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་འབྲེལ་ཡོད་བྱ་བ་བསྒྲུབས་པར་མཛུབ་སྟོན་བྱས་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཉིང་རྡུལ་ནུས་པའི་རྒྱལ་ཁབ་ཆེན་མོས་འཛམ་གླིང་ཡོངས་ཀྱི་འཐབ་ཇུས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཁུར་དུ་བླངས་ཡོད་ཅིང་། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དག་གྲོས་མོལ་དེར་སྤྲོ་བ་ཡོད་པས། གྲོས་མོལ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་འཐབ་ཇུས་གཏན་འཇགས། རིམས་འགོག ས་ཁུལ་གྱི་འཁྲུག་རྩོད་སོགས་གནད་དོན་ལ་འབྲེལ་དགོས་པའི་རེ་བ་བཏོན། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕུའུ་སཱ་ཅི་ཡིས་ཚེས་བཅོ་བརྒྱད་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། པེད་ཏིན་དང་ཕུའུ་ཅིན་གྱིས་ངོ་ཤེས་ནས་ལོ་མང་བོ་འགོར་ཡོད་པ་དང་། ཁོ་གཉིས་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བའི་དུས་རིམ་མང་བོ་བརྒྱུད་མྱོང་ཡོད་ལ། པེད་ཏིན་གྱིས་མུ་མཐུད་དུ་ཕུའུ་ཅིན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་འབད་འབུངས་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།