ཀྲུང་གོ་བོད་ཀྱི་དྲ་བ།

མོང་གོལ་རྒྱལ་ཁབ་ཏུ་བྱེ་རྡུལ་རླུང་འཚུབ་བྱུང་ནས་མི10ཚེ་ལས་འདས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོང་གོལ་རྒྱལ་ཁབ་ཛ་དྲག་གནས་བབ་སྤྱི་ཁྱབ་ཅུས་ཀྱིས་ཟླ3པའི་ཚེས15ཉིན་བརྡ་ཁྱབ་སྤེལ་དོན། ཚེས13ཉིན་ནས་བཟུང་མོང་གོལ་རྒྱལ་ཁབ་ཀྱི་ས་ཆ་མང་ཤོས་ལ་བྱེ་རྡུལ་རླུང་འཚུབ་བྱུང་བ་དང་ཁངས་ཆེན་བབས། གསར་འགོད་པས་གསར་འགྱུར་སྤེལ་བའི་བར་དུ། བྱེ་རྡུལ་རླུང་འཚུབ་དང་ཁངས་ཆེན་ཁྲོད་མི10ཚེ་ལས་འདས་པ་དང་མི10ལྷག་ད་དུང་གར་སོང་ཆ་མེད་དུ་གྱུར་ཡོད།

   བརྡ་ཁྱབ་ལས་བསྟན་དོན། ཚེས13ཉིན་ནས་བཟུང་མོང་གོལ་རྒྱལ་ཁབ་ཀྱི་ས་ཆ་མང་ཤོས་སུ་རླུང་གི་མགྱོགས་ཚད་སྐར་ཆ་རེར་སྨི20ནས་སྨི24བར་ཡིན་པ་མཚམས་རེར་མགྱོགས་ཚད་སྐར་ཆ་རེར་སྨི30ནས་སྨི34བར་ཟིན་ཡོད། བྱང་རྒྱུད་ས་ཁུལ་དུ་གངས་རླུང་དང་ཁངས་སེར་འདྲེས་མའི་གནམ་གཤིས་བྱུང་ལ། བྱེ་ཐང་ས་ཁུལ་དུ་བྱེ་རྡུལ་རླུང་འཚུབ་ཆེན་པོ་བྱུང་ཡོད། རྒྱལ་ས་ཝུའུ་ལན་པ་ཐའོ་ལ་ཚེས14ཉིན་བྱེ་རྡུལ་རླུང་འཚུབ་བྱུང་ཡོད།

གནམ་གཤིས་ཆེད་མཁས་པས་བཤད་རྒྱུར། མོང་གོལ་རྒྱལ་ཁབ་ཀྱི་ཐེངས་འདིའི་བྱེ་རྡུལ་རླུང་འཚུབ་ཀྱི་དྲག་ཚད་དང་རྒྱུན་མཐུད་དུས་ཚོད་ནི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད། བྱེ་རྡུལ་རླུང་འཚུབ་ཆེན་པོས་མོང་གོལ་གྱི་སྦྲ་གུར58དང་སྡོད་ཁང་དང་ཁྱམས་ར121སོགས་ལ་གཏོར་བརླག་ཐེབས་ཤིང་། སྒོ་ཕྱུགས་སྟོང་ལྷག་གར་སོང་ཆ་མེད་དུ་གྱུར། ཤར་རྒྱུད་ས་ཁུལ་གྱི་ས་ཆ་ཁ་ཤས་སུ་གློག་སྐུད་སོགས་ལ་གནོད་སྐྱོན་ཐེབས་ནས་གློག་ཆད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།