ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྐོར་ཐེངས་བཅུ་དགུ་བའི་ལེ་པཱ་ནུན་དུ་བགྲོད་པའི་སྨན་བཅོས་ཡན་ལག་རུ་ཁག་གིས་འཕྲལ་སྒྲུབ་འགོག་སྲུང་སྦྱོང་བརྡར་བྱ་འགུལ་རྩ་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ལས་འགན་ས་ཁུལ་གྱི་བདེ་འཇགས་གནས་བབ་ལ་དམིགས་ཏེ། ཀྲུང་གོའི་སྐོར་ཐེངས་བཅུ་དགུ་བའི་ལེ་པཱ་ནུན་དུ་བགྲོད་པའི་སྨན་བཅོས་ཡན་ལག་རུ་ཁག་གིས་ཚེས་བཅུ་གཉིས་ཉིན་འཕྲལ་སྒྲུབ་འགོག་སྲུང་སྦྱོང་བརྡར་བྱ་འགུལ་སྤེལ་ནས། ཡན་ལག་རུ་ཁག་གི་དམག་གྲབས་ཆུ་ཚད་ལ་ཞིབ་བཤེར་དང་ཐོལ་བྱུང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཇེ་མཐོར་བཏང་། 

སྦྱོང་བརྡར་དེ་བར་སྣང་འཇབ་རྒོལ་ཐེབས་པ་དང་བྲེལ་མྱུར་ཁ་ཁར་གཏོར་བ། ཉེན་ཟོན་འགོག་སྲུང་སོགས་བརྗོད་བྱར་དམིགས་ཏེ། སྔོན་བརྡ་ཅི་ཡང་མེད་པའི་གནས་ཚུལ་འོག་སྤེལ་བ་རེད། དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་དཔོན་དམག་གི་བཀའ་རྒྱའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཡན་ལག་རུ་ཁག་གི་ནམ་ཡང་ལྷོད་པ་མེད་པའི་དམག་གྲབས་རྣམ་པ་སྲུང་འཛིན་བྱེད་པར་སྐུལ་འདེད་གཏོང་ཆེད་རེད། སྦྱོང་བརྡར་མཇུག་སྒྲིལ་རྗེས། ཡན་ལག་རུ་ཁག་གི་རྩ་འཛུགས་མི་སྣས་དམག་གྲབས་དཔྱད་ཆས་ཁང་ལ་ཕྱོགས་ཡོངས་ནས་རྩིས་བཤེར་བྱས་པ་དང་། ནན་ཏན་གྱིས་དམག་གྲབས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་རྐྱེན་ཐེབས་པའི་བྱེ་བྲག་གི་གནད་དོན་ལ་ལེགས་སྒྲིག་བྱས་པར་མ་ཟད། མི་རེའི་འགན་འཁྲི་གཏན་འཁེལ་བྱས་ནས་དུས་བཅད་ནང་ཐག་གཅོད་བྱེད་དུ་བཅུག 

ཡན་ལག་རུ་ཁག་གིས་བསྟན་དོན། ལས་འགན་ས་ཁུལ་གྱི་རྙོག་འཛིང་གི་ཁོར་ཡུག་དང་ཐོན་ཁུངས་དཀོན་པོའི་ཁྱད་ཆོས་ལ་དམིགས་ཏེ། འཕྲལ་སྒྲུབ་ཐག་གཅོད་དང་ཕྱོགས་གཅིག་འཐབ་རྩལ། གཡུལ་སའི་ཉེན་སྐྱོབ་བཅས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྒྲུབ་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།