ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་གི་རྒྱལ་ཁབ་དྲུག་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་པྲོག་གསར་གློ་ཚད་རིམས་ནད་འདྲ་མཉམ་བགོ་བཤའི་གནད་དོན་ལ་གྲོས་བསྡུར་བྱེད་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུར་ཀ་རི་ཡཱ་དང་ཨོ་སི་ཁྲུ་རི་ཡཱ། ཅེ་ཁི། སི་ལོ་ཝུན་ཁི། ལཱ་ཐའོ་ཝེ་ཡཱ། ཁི་ལོ་ཏི་ཡཱ་སོགས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དྲུག་གི་ཙུང་ལི་ཡིས་ཚེས་བཅུ་གསུམ་ཉིན་མཉམ་འབྲེལ་གྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གཉིས་ལ་འཕྲིན་ཡིག་བསྐུར་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་གང་མགྱོགས་སྒོས་པྲོག་གསར་གློ་ཚད་ཀྱི་འགོག་སྨན་འདྲ་མཉམ་ངང་བགོ་བཤའ་བྱེད་པའི་གནད་དོན་ཐད་ནས་མྱུར་དུ་གྲོས་བསྡུར་བྱེད་དགོས་པའི་སྐུལ་མ་བཏང་། 

པུར་ཀ་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་དྲུག་གི་ཙུང་ལི་ཡིས་འཕྲིན་ཡིག་ཁྲོད་ནས་ཡོ་རོབ་གླིང་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། དེ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མར་འགོག་སྨན་སོགས་ཚད་ཡོད་པའི་ཐོན་ཁུངས་འདྲ་མཉམ་ངང་ཐོབ་པར་ཁག་ཐེག་བྱེད་དགོས་ཟེར། ཁོ་ཚོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་མགོ་ཁྲིད་པའི་ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་གྱི་བརྙན་རིས་གྲོས་ཚོགས་ཀྱི་གྲུབ་འབྲས་གླེང་བ་དང་། མི་གྲངས་ཀྱི་བསྡུར་ཚད་ལྟར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོར་དུས་མཉམ་དུ་འགོག་སྨན་འདོན་སྤྲོད་བྱེད་དགོས་པ་དང་། གལ་ཏེ་རྩ་དོན་དེ་དག་བརྩི་སྲུང་མ་བྱས་ན་རྒྱལ་ཁབ་བར་དུ་བར་ཁྱད་ཆེན་པོ་འབྱུང་སྲིད་ལ། རྒྱལ་ཁབ་རེ་འགས་མྱུར་དུ་མང་ཚོགས་ལ་འགོག་སྨན་བརྒྱབ་ནས་རྒྱལ་ཁབ་གཞན་པ་རྗེས་སུ་བསྐྱུར་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།