ཀྲུང་གོ་བོད་ཀྱི་དྲ་བ།

ཅན་དབྱེ་ཝེ་ཡིས་ཟླ་བཞི་བའི་ཟླ་སྟོད་དུ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྩིས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱེ་ཝེ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཁོས་ཟླ་བཞི་བའི་ཟླ་སྟོད་དུ་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་གྲོས་མོལ་བྱེད་རྩིས་ཡོད་ཟེར། 

ཅན་དབྱེ་ཝེ་ཡིས་ཉིན་དེར་སྲིད་གཞུང་དང་སྲིད་འཛིན་མནའ་འབྲེལ་གྱི་གྲོས་ཚོགས་སྟེང་གནས་ཚུལ་དེ་བསྒྲགས་པ་རེད། ཁོས་བཤད་རྒྱུར། ཐེངས་འདིའི་གོ་སྐབས་བེད་སྤྱོད་གང་ལེགས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འཇར་པན་དང་ཨ་མེ་རི་ཁའི་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་ལ། པེད་ཏིན་དང་མཉམ་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་ཀྱི་གྲོས་གཞི་ལ་བྱེ་བྲག་ཏུ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། 

འཇར་པན་གྱི་ནེ་ཀིའི་མགྲིན་ཚབ་པ་ཆེན་མོ་ཅཱ་ཐིན་ཧྲིན་ཞིན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཅན་དབྱེ་ཝེ་ནི་ཟླ་དང་པོར་པེད་ཏིན་གྱིས་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཐུག་འཕྲད་བྱས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་པ་ཐོག་མར་འགྱུར་བའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་འཚམས་འདྲིའི་ནང་དོན་བྱེ་བྲག་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

ཅཱ་ཐིན་ཧྲིན་ཞིན་གྱིས་བཤད་རྒྱུར། རིམས་འགོག་གི་དགོས་མཁོའི་དབང་གིས་འཇར་པན་གྱི་འཐུས་ཚབ་ཚོགས་པའི་མི་གྲངས་ཆེས་དམའ་བའི་ཚད་དུ་ཚོད་འཛིན་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་མི་བརྒྱད་ཅུ་ནས་དགུ་བཅུ་ཙམ་ཡིན་ལ། ཨ་མེ་རི་ཁའི་མངའ་ཁོངས་སུ་མ་སོང་གོང་ཚང་མར་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱག་རྒྱུ་ཡིན། པེད་ཏིན་དང་འཇར་པན་ཕྱོགས་ལ་ཐུག་འཕྲད་བྱེད་རྒྱུ་ཡིན་པའི་ཨ་མེ་རི་ཁའི་སྲིད་གཞུང་གི་མི་སྣས་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ་ཡོད་པ་རེད། 

གལ་ཏེ་འཚམས་འདྲིའི་བྱ་འགུལ་དུས་ལྟར་སྤེལ་ཐུབ་པ་བྱུང་ན། དེ་ནི་ཅན་དབྱེ་ཝེ་ཡིས་ན་ནིང་ཟླ་དགུ་བར་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བའི་ཚུན་ལ་ཐེངས་གཉིས་པར་འཚམས་འདྲི་བྱས་པ་རེད། ཁོས་ན་ནིང་ཟླ་བཅུ་བར་ཡོ་ནན་དང་ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ་རེད། སྨྱན་བྱད་ཀྱིས་དེའི་སྔོན་སྒྲོག་འགྲེལ་བྱས་དོན། ཅན་དབྱེ་ཝེ་ཡིས་ཐོག་དང་པོར་འཚམས་འདྲི་བྱེད་ས་དེ་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་གཉིས་བདམས་པའི་དོན་ནི་འཇར་པན་དང་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་བར་གྱི་མནའ་འབྲེལ་རྒྱལ་ཁབ་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཆེད་དུ་ཡིན་པ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།