མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་དྲུག་པ་ལས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་དང་འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་ཞེས་པ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་གཉིས་ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་དྲུག་པ་ལས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་དང་འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་ཞེས་པ་བརྙན་རིས་ཀྱི་རྣམ་པས་སྤེལ། ཚོགས་ཞུགས་འཐུས་མིས་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་དང་དབུལ་སེལ། བདེ་ཐང། ཕོ་མོ་འདྲ་མཉམ། ཁོར་ཡུག་སྲུང་སྐྱོབ་སོགས་གླེང་གཞིར་དམིགས་ནས་བརྗེ་རེས་གཏིང་ཟབ་ཏུ་སྤེལ། 

ཐེངས་འདིའི་བརྗོད་དོན་གྲོས་ཚོགས་དེ་ཀྲུང་གོའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་དང་ཀྲུང་གོའི་མི་གྲངས་དང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་དུ་སྤེལ་བ་རེད། ཀྲུང་གོ་དང་ཐེ་གོ། ཨུ་རུ་སི། ཨེ་ཅིབ། སེར་ཝེ་ཡཱ། ཐཱ་ཅི་ཁི་སི་ཐན། ཧཱ་སག་སི་ཐན། ཕཱ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་བ་དང་། ཆེད་མཁས་པ་སོགས་ཞིབ་བསྡུར་ཚོགས་འདུར་ཞུགས། རྒྱལ་ཁབ་ཕྱི་ནང་གི་མི་བརྒྱ་ལྷག་སྐུད་ཐོག་གྲོས་ཚོགས་ལ་ཞུགས། 

འཐུས་མི་རྣམས་ཀྱིས་བལྟས་ན། ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་དང་ཁྱད་པར་དུ་ཞིན་ཅང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། གྲངས་ཉུང་མི་རིགས་ཀྱི་མི་དམངས་འཚོ་བའི་ཆུ་ཚད་དང་བདེ་ཐང་། སློབ་གསོ་མྱོང་བའི་ཆུ་ཚད་བཅས་ཡོངས་ཁྱབ་ཏུ་ཇེ་མཐོར་སོང་ཡོད་ལ། འཕེལ་རྒྱས་དབང་ཆ་དང་བདེ་ཐང་དབང་ཆ་སོགས་ཁེ་དབང་ལ་འགན་སྲུང་ཐོབ་ཡོད་པ་དང་། ཕོ་མོ་འདྲ་མཉམ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ནས་ལེགས་བཅོས་བྱས་ཏེ། མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་བྱས་ཡོད་པར་འདོད། འཐུས་མི་རྣམས་ཀྱིས་གཞི་གྲངས་དོན་དངོས་དང་དངོས་ཐོག་མྱོང་བར་བརྟེན་ནས། ཁུངས་ལུང་ཡོད་པའི་སྒོ་ནས་ནུབ་ཕྱོགས་གྲངས་ཉུང་མི་རིགས་རྒྱལ་ཁབ་ཀྱི་དོན་དངོས་འཁྱོག་བརྗོད་དང་རྫུན་གཏམ་བསྒྲགས་པའི་བྱ་སྤྱོད་ཐེར་འདོན་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་འཇུག་དགོས་པར་འདོད། 

ཀྲུང་གོའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱི་ཆེད་འགན་ཁུར་བའི་ཚོགས་གཙོ་གཞོན་པ་ཡའོ་དབྱིན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོས་མི་དམངས་གཙོར་བཟུང་བའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་དང་མི་དམངས་ཀྱི་གོ་གནས་གཙོ་བོར་བརྩི་འཇོག་བྱས་ནས། མི་དམངས་འདྲ་མཉམ་ཟབ་ཞུགས་དང་འདྲ་མཉམ་འཕེལ་རྒྱས་ཀྱི་ཁེ་དབང་ལ་ཁག་ཐེག་བྱེད་དགོས། ཀྲུང་གོའི་འཕེལ་རྒྱས་འདུ་ཤེས་ཀྱིས་འཕེལ་རྒྱས་དབང་ཆའི་འདུ་ཤེས་འཐུས་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བྱས་རྗེས་བཞག་ཡོད་ཟེར། 

ཀྲུང་གོའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱི་རིམ་པ་དང་པོའི་སྐོར་ཞིབ་པ་ཧོང་ཕེན་གྱིས་བསྟན་དོན། ཀྲུང་གོའི་སྤྱི་ཚོགས་རྩ་འཛུགས་འབུམ་དགུ་ལྷག་གིས་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། འགྲོ་མིའི་ཐོབ་ཐང་གི་སྲུང་སྐྱོབ་བཅས་ལ་སྐུལ་འདེད་གཏོང་བ་དང་། ཁྱད་པར་དུ་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ཐད་ཐུན་མིན་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཟེར། 

ཀྲུང་གོའི་མི་གྲངས་དང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ལིའུ་ཧོང་ཡན་གྱིས་གཞི་གྲངས་ཞིབ་རྒྱས་བཀོལ་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་བདེ་ཐང་དང་དབུལ་སྐྱོར་ཐད་ནས་བླངས་པའི་གྲུབ་འབྲས་མངོན་གསལ་དང་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་ཡོད་པ་གསལ་བོར་བསྟན། 

ཨུ་རུ་སིའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། ཨུ་རུ་སི་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་སཱ་ནཱ་ཁི་ཡེ་ཧྥུའུ་ཡིས་གཏམ་བཤད་སྤེལ་ཏེ་བསྟན་དོན། ཁོས་འདས་པའི་ལོ་ངོ་ཉི་ཤུ་ལྷག་གི་ནང་ཐེངས་མང་བོར་ཀྲུང་གོའི་ཞིན་ཅང་དང་བོད་ལྗོངས། ནང་སོག་སོགས་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་དུ་འཚམས་འདྲི་བྱས་མྱོང་བ་དང་། ས་ཁུལ་སོ་སོའི་འཕེལ་རྒྱས་རྣམ་པ་བཟང་བོ་ལས་ཀྲུང་གོའི་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་ལ་བརྩི་འཇོག་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པ་གསལ་བོར་མཚོན་ཐུབ་ཟེར། 

གྲོས་ཚོགས་ནས་ཐུན་མོང་གསལ་སྒྲོག་སྤེལ། གསལ་སྒྲོག་ལས་བསྟན་དོན། མི་ཚང་མ་འདྲ་མཉམ་ཡིན་པ་དང་། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་ཆེས་ཆེ་བའི་འགྲོ་མིའི་ཐོབ་ཐང་ཡིན། འཕེལ་རྒྱས་གྲུབ་འབྲས་དེས་སྔར་ལས་ལྷག་པའི་སྒོ་ནས་འདྲ་མཉམ་དུ་མི་དམངས་ཚང་མར་ཕན་ཐོགས་པར་བྱེད་དགོས་ཟེར། གསལ་སྒྲོག་ལས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་སོ་སོ། སྤྱི་ཚོགས་རྩ་འཛུགས་སོ་སོ་སོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་སྙིང་བོར་འཛིན་པ་དང་། གྲངས་ཉུང་མི་རིགས་འདུས་པའི་མི་དམངས་ཚང་མ་འདྲ་མཉམ་གྱིས་ཟབ་ཞུགས་བྱེད་པར་འགན་སྲུང་བྱས་ནས། སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

གྲོས་ཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ལ་ཐུན་མོང་གསལ་སྒྲོག་དེ་སྤྲོད་རྒྱུ་ཐག་བཅད། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།