སྐབས་དྲུག་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གསར་འགྱུར་པུའུ་ཀྲང་གྲོས་ཚོགས་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་དྲུག་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གསར་འགྱུར་པུའུ་ཀྲང་གྲོས་ཚོགས་ཚེས་བཅུ་གཉིས་ཉིན་བརྙན་རིས་ཀྱི་རྣམ་པས་སྤེལ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་འཐུས་མི་གྲོས་ཚོགས་ལ་ཞུགས་ཏེ། སྨྱན་བྱད་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ས་ཁོངས་ཀྱི་དར་རྒྱས་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་དམིགས་ནས་གྲོས་བསྡུར་ཟབ་མོ་བྱས། 

ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཞུའུ་ལིན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་སྨྱན་བྱད་མཉམ་ལས་ལ་རིམ་པ་མང་བ་དང་ཐབས་ལམ་མང་བ། སྣ་མང་ཅན་གྱི་རྣམ་པ་བཟང་བོ་ཆགས་ཡོད་ལ། དེས་ས་ཁོངས་སོ་སོའི་མང་ཚོགས་བར་གྱི་མཛའ་བརྩེའི་སྦྲེལ་ཐག་ཇེ་དམ་དུ་གཏོང་བ་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་ནུས་པ་ཐོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་འདུ་ཤེས་ཀྱི་མཛུབ་སྟོན་འོག་ཏུ། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་དར་སྤེལ་དང་སྲིད་ཇུས་མཉམ་འབྲེལ་རོགས་རེས། མཉམ་ལས་དྲིལ་སྒྲོག་ལ་ཤུགས་སྣོན་བྱས་ཏེ། ས་ཁུལ་གྱི་དར་རྒྱས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་ཟེར། 

གྲོས་ཚོགས་ལ་ཞུགས་པའི་པུའུ་ཀྲང་དག་གིས་རྒྱལ་ཁབ་སོ་སོའི་གསར་འགྱུར་སྨྱན་བྱད་ཁྱབ་ཁོངས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་ཉམས་མྱོང་བྱེད་ཐབས་མཉམ་སྤྱོད་བྱས་ཤིང་། རྒྱལ་ཁབ་སོ་སོའི་སྨྱན་བྱད་ཀྱི་མཉམ་ལས་རིམ་པ་མཐོར་འདེགས་དང་མཉམ་ལས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཕན་འབྲས་ལ་གདེང་འཇོག་ཆེན་པོ་བྱས། 

ཚང་མས་བསྟན་དོན། མུ་མཐུད་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་སྒྲོམ་གཞིའི་འོག ཐབས་ལམ་གསར་བ་གསར་འབྱེད་དང་སྟེགས་བུ་གསར་འཛུགས་བྱས་ཏེ། མཉམ་འབྲེལ་དྲིལ་སྒྲོག་དང་མི་སྣའི་གསོ་སྦྱོང་། སྨྱན་བྱད་གསར་བའི་བེད་སྤྱོད། སྨྱན་བྱད་གྲངས་ལྡན་ཅན་གྱི་རིམ་འཕར་བཅས་ཀྱི་མཉམ་ལས་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། རིམས་འགོག་གི་འདྲིལ་ཤུགས་གཅིག་བསྡུས་དང་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད། མི་དམངས་ཀྱི་བདེ་སྐྱིད་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ལ་ཞུགས་པའི་འཐུས་མི་དག་གིས་མཉམ་འབྲེལ་སྨྱན་བྱད་གསལ་སྒྲོག་འཆར་ཟིན་སོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གསར་འགྱུར་སྨྱན་བྱད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་གྱི་བྱ་བའི་འཆར་གཞི་ལ་གྲོས་བསྡུར་བྱས། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།