ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གིས་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དགུའི་དཔལ་འབྱོར་རོགས་སྐྱོར་འཆར་གཞིར་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2021031109311437UL.jpg

ཟླ3པའི་ཚེས10ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས། མི་རྣམས་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་ཉེ་འདབས་ཀྱི་ལམ་མདོ་ཞིག་ཏུ་འགྲོ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གིས་ཚེས་བཅུ་ཉིན་འདེམ་ཤོག་འཕངས་ཏེ། མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དགུའི་དཔལ་འབྱོར་རོགས་སྐྱོར་འཆར་གཞིར་གྲོས་མཐུན་བཀོད། འཆར་གཞི་དེར་རྗེས་ནས་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ལ་མིང་འགོད་དུ་བཅུག་རྗེས་བཅའ་ཁྲིམས་སུ་འགྱུར་ངེས་རེད། 

ཉིན་དེར་དམངས་གྲོས་ཁང་ནས་འདེམ་ཤོག་ཉིས་བརྒྱ་དང་ཉི་ཤུ་ཡིད་འཐད་བྱུང་བ་དང་། འདེམ་ཤོག་ཉིས་བརྒྱ་དང་བཅུ་གཅིག་གིས་ངོ་རྒོལ་བྱེད་པའི་བརྡས་གཅོད་མཇུག་འབྲས་ཀྱིས་འཆར་གཞི་དེར་གྲོས་འཆམ་བྱུང་། སྤྱི་མཐུན་ཏང་གི་དམངས་གྲོས་ཁང་གི་གྲོས་མི་གཅིག་ཀྱང་ཡིད་འཐད་བྱུང་མེད་པ་དང་། དམངས་གཙོ་ཏང་གི་དམངས་གྲོས་ཁང་གི་གྲོས་མི་གཅིག་གིས་ངོ་རྒོལ་བྱེད་པའི་འདེམ་ཤོག་འཕངས་ཡོད་པ་རེད། ཉིན་དེར་གྲོས་འཆམ་བྱུང་བའི་དཔལ་འབྱོར་རོགས་སྐྱོར་འཆར་གཞི་ནི་ཆེས་མཇུག་མཐའི་པར་གཞི་ཡིན་པ་རེད། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་བཤད་པ་ལྟར་ན། པེད་ཏིན་གྱིས་ཚེས་བཅུ་གཉིས་ཉིན་འཆར་གཞི་དེར་མིང་འགོད་རྒྱུ་རེད་ཟེར། 

ཉིན་དེར་གྲོས་འཆམ་བྱུང་བའི་དཔལ་འབྱོར་རོགས་སྐྱོར་འཆར་གཞིའི་ནང་དོན་གཙོ་བོར་གཟའ་འཁོར་རེའི་ལས་ཤོར་རྒུད་སྐྱོབ་མ་དངུལ་སྟེང་མེ་སྒོར་སུམ་བརྒྱའི་ཕན་བདེའི་རོགས་དངུལ་ཁ་སྣོན་བྱེད་པ་དང་། ལས་ཤོར་རྒུད་སྐྱོབ་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་མ་ཟད་དུས་ཡུན་དེ་ཟླ་དགུ་བའི་ཚེས་དྲུག་ཉིན་བར་ཇེ་རིང་དུ་གཏོང་བ། ཀྲོའུ་དང་ས་གནས་སྲིད་གཞུང་ལ་མེ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་ལྔའི་མ་དངུལ་ཁ་གསབ་བྱེད་པ། སློབ་གྲྭའི་སྒོ་ཡང་བསྐྱར་འབྱེད་པར་མེ་སྒོར་ཁྲག་ཁྲག་གཅིག་དང་ཐེར་ཆེན་བདུན་ཙམ་འདོན་སྤྲོད་བྱེད་པ་སོགས་འདུས། 

པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་ཆེད་བཏོན་པའི་བྲེལ་མྱུར་ལས་ཤོར་རྒུད་སྐྱོབ་འཆར་གཞི་དེ་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་དུས་ཡུན་ལོངས་པ་ཡིན་པས། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གཙོ་ཏང་མིས་གང་མགྱོགས་སྒོས་སྐོར་ཐེངས་གསར་བའི་རྒུད་སྐྱོབ་འཆར་གཞི་འདོན་པའི་རེ་བ་ཡོད། པེད་ཏིན་གྱིས་བཏོན་པའི་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དགུའི་དཔལ་འབྱོར་རོགས་སྐྱོར་འཆར་གཞིའི་ཐོག་མའི་པར་གཞི་དེར་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་དམངས་གྲོས་ཁང་ནས་གྲོས་འཆམ་བྱུང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།