ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པས་ཧྥུའུ་ཏའོ་ཉིང་རྡུལ་དོན་རྐྱེན་གྱི་བསླབ་བྱ་གལ་ཆེན་ཞིག་ནི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱེད་དགོས་པ་དེ་ཡིན་པར་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཉེ་སྔོན་འཇར་པན་གྱི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་ས་འགུལ་ཆེན་མོ་དང་ཧྥུའུ་ཏའོ་ཉིང་རྡུལ་དོན་རྐྱེན་བྱུང་ནས་ལོ་ངོ་བཅུ་འགོར་བའི་ཐད་ནས་བརྙན་རིས་གཏམ་བཤད་སྤེལ། ཁོས་བལྟས་ན། ཧྥུའུ་ཏའོ་ཉིང་རྡུལ་ནུས་པའི་དོན་རྐྱེན་དེས་འཛམ་གླིང་ཡོངས་ལ་བཞག་པའི་བསླབ་བྱ་གལ་ཆེན་ཞིག་ནི་ངེས་པར་དུ་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱེད་དགོས་པ་དེ་ཡིན་པར་འདོད། 

ཀི་ལོ་ཞི་ཡིས་ནན་གྱིས་བསྟན་དོན། ཧྥུའུ་ཏའོ་ཉིང་རྡུལ་དོན་རྐྱེན་ལས་བཞག་པའི་བསླབ་བྱ་གལ་ཆེན་ནི་ལྟ་རྟོག་དོ་དམ་ཕྱོགས་དེ་ངེས་པར་དུ་སྟོབས་ལྡན་སྒེར་ཚུགས་ཡིན་དགོས་པར་མ་ཟད་ཐོན་ཁུངས་འདང་ཚིམས་པ་ཡོད་དགོས་ལ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་གཙོ་བྱས་པའི་སྟོབས་ལྡན་རྒྱུན་རྣམ་ཅན་གྱི་བདེ་འཇགས་སྒྲོམ་གཞི་འཛུགས་པར་གལ་འགངས་ཧ་ཅང་ཆེ་ཟེར། 

ཁོས་ད་རུང་བཤད་རྒྱུར། ཧྥུའུ་ཏའོ་ཉིང་རྡུལ་དོན་རྐྱེན་བྱུང་རྗེས་ཀྱི་ལོ་ངོ་བཅུ་ནི་འཛམ་གླིང་ཡོངས་ཀྱི་ཉིང་རྡུལ་བདེ་འཇགས་བྱ་བ་རྒྱུན་ཆད་མེད་པར་རིམ་འཕར་དང་འཐུས་ཚང་དུ་བཏང་བའི་ལོ་བཅུ་རེད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་མུ་མཐུད་དུ་འཇར་པན་དང་ཁོངས་གཏོགས་རྒྱལ་ཁབ་གཞན་པར་རོགས་ལས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཉིང་རྡུལ་ནུས་པའི་བདེ་འཇགས་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། ཉིང་རྡུལ་ནུས་པར་ཚད་ཆེན་པོའི་སྒོ་ནས་སྦས་ཤུགས་འདོན་སྤེལ་བྱེད་དུ་འཇུག་རྒྱུ་ཡིན་ཟེར། 

ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། འཇར་པན་བྱང་ཤར་ཕྱོགས་ཀྱི་མཚོ་ཁོངས་སུ་ཚད་རིམ་དགུའི་ས་འགུལ་དྲག་པོ་བྱུང་སྟེ་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་བཟོས། ས་འགུལ་དང་རྒྱ་མཚོ་འཕྱུར་བའི་ཤུགས་རྐྱེན་ལས་ཏུང་ཅིན་གློག་ཤུགས་ཀུང་ཟིའི་ཧྥུའུ་ཏའོ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་པོའི་འཁོར་ཚན་བཞིར་ཚད་མི་འདྲ་བའི་གཏོར་བརླག་ཐེབས་པ་དང་། འཕྲོ་འགྱེད་ལྡན་པའི་དངོས་རྫས་ཕྱིར་ཤོར་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།