ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་མེ་ནི་ཡཱའི་ཙུང་ལི་དང་ཙུང་ཐུང་བར་སྤྱི་ཁྱབ་ཇུས་འདོན་དཔོན་པོའི་ལས་འགན་ལེན་པའི་གནད་དོན་ཐད་ནས་ཡང་བསྐྱར་རྩོད་གླེང་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་མེ་ནི་ཡཱའི་ཙུང་ལིའི་བཞུགས་ཤག་གིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་མེ་ནི་ཡཱའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཅཱ་སི་ཕཱ་ལིང་གིས་ཉིན་དེ་ནས་བཟུང་ཁྲིམས་ལྟར་ལས་འགན་བསྐྱུར་དགོས་ཟེར་ཡང་། ཨེ་མེ་ནི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ནས་ཙུང་ལིའི་བཞུགས་ཤག་གི་འབྲེལ་ཡོད་བརྗོད་ཚུལ་ལ་ངོ་རྒོལ་བྱས་པ་རེད། 

ཙུང་ལིའི་བཞུགས་ཤག་གི་གསལ་སྒྲོག་ལས་བཤད་རྒྱུར། ཙུང་ཐུང་སཱ་ཨར་ཅི་ཞང་ལ་ཡང་བསྐྱར་ཙུང་ལི་ཕཱ་ཞེ་ནེ་དབྱང་གིས་སྤྲད་པའི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཅཱ་སི་ཕཱ་ལིང་གི་ལས་འགན་ལེན་པའི་གྲོས་གཞི་འབྱོར་རྗེས། གཏན་འཁེལ་གྱི་དུས་ཡུན་ནང་འབྲེལ་ཡོད་གྲོས་གཞིར་མིང་བཀོད་མེད་པ་དང་། རྩ་ཁྲིམས་ཁྲིམས་ཁང་ལ་ཐག་གཅོད་རེ་ཞུའང་བཏོན་མེད། གནས་ཚུལ་འདི་འདྲའི་འོག་ཕཱ་ཞེ་ནེ་དབྱང་གིས་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཅཱ་སི་ཕཱ་ལིང་གི་ལས་འགན་བསྐྱུར་བའི་བཀའ་རྒྱ་དེ་ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་བཟུང་ནུས་ལྡན་དུ་གྱུར་བར་རློམ་རྒྱུ་ཡིན་ཟེར། 

ཕཱ་ཞེ་ནེ་དབྱང་གིས་དེའི་རྗེས་སུ་ཏཱ་ཧྥུའུ་ཆང་སྤྱི་ཁྱབ་ཇུས་འདོན་དཔོན་པོའི་འདེམ་སྒུག་པར་མིང་འདོན་བྱས་པ་ཁྱབ་སྒྲོག་བྱས། མིང་འདོན་དེ་ཙུང་ཐུང་སཱ་ཨར་ཅི་ཞང་ལ་སྤྲོད་རྒྱུ་ཡིན་ཟེར། 

ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་གིས་རྩ་ཁྲིམས་ཁྲིམས་ཁང་ལ་རེ་ཞུ་བཏོན་ནས། ད་ལྟ་ལག་བསྟར་བྱེད་བཞིན་པའི་དམག་མིའི་གོ་གནས་ཐོབ་ཐང་བཅའ་ཁྲིམས་དེ་རྩ་ཁྲིམས་དང་འཚམ་མིན་ལ་བརྡས་ཐག་གཅོད་དགོས་པའི་རེ་བ་བཏོན། 

གཞན་ཡང་ཨེ་མེ་ནི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཙུང་ལིའི་བཞུགས་ཤག་གིས་གསལ་སྒྲོག་སྤེལ་རྗེས་ཅཱ་སི་ཕཱ་ལིང་གིས་ཀྱང་གསལ་སྒྲོག་སྤེལ་ཏེ། ཙུང་ལི་ཡིས་ཁོའི་ལས་འགན་ལེན་པའི་བཀའ་རྒྱ་བཏང་བ་དེ་རྩ་ཁྲིམས་དང་འགལ་ཡོད་པས། ཁོས་འབྲེལ་ཡོད་ཁྲིམས་ཁང་ལ་ཞུ་གཏུག་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།