ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པཱ་ལཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཀྲུང་གོའི་དབུལ་སྐྱོར་གྲུབ་འབྲས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པཱ་ལཱའི་ཕྱི་འབྲེལ་བློན་ཆེན་ཅཱ་ཝ་ལེ་ཡིས་ཚེས་དགུ་ཉིན་བསྟན་དོན། ཀྲུང་གོས་དབུལ་ཕོངས་སེལ་བའི་གཟི་འོད་འབར་བའི་གྲུབ་འབྲས་བླངས་ཏེ། མིའི་རིགས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ལ། དེས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་གཞན་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་མ་བཏང་། 

ཅཱ་ཝ་ལེ་ཡིས་ཉིན་དེར་ནེ་པཱ་ལཱའི་རྒྱལ་ས་ཀཱ་ཏི་མན་ཏུའུ་ནས་ནེ་པཱ་ལཱ་རུ་སྡོད་པའི་ཀྲུང་གོའི་གསར་འགྱུར་སྨྱན་བྱད་གཙོ་བོའི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱས། ཁོས་ཉིས་སྟོང་བཅུ་དྲུག་ལོར་ཀྲུང་གོའི་དབུལ་སྐྱོར་བྱ་བར་རྟོག་ཞིབ་བྱས་པའི་གནས་ཚུལ་ཕྱིར་དྲན་བྱས་པ་དང་། སྐབས་ཐོག་དེའི་ཀྲུང་གོའི་གུང་ཁྲན་ཏང་ཡོན་གྱི་གཏོང་ཕོད་དང་སྡེ་མིའི་ངལ་རྩོལ་ལས་ཁོ་རང་ལ་བག་ཆགས་ཟབ་མོ་བཞག་ཡོད་ཟེར། 

ཅཱ་ཝ་ལེ་ཡིས་བསྟན་དོན། ཀྲུང་གོའི་མཛའ་མཐུན་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས། ནེ་པཱ་ལཱ་ཡིས་ཀྲུང་གོ་ནས་ཉམས་མྱོང་སློབ་སྦྱོང་བྱེད་འདོད་ཡོད་པ་དང་། དེའི་ནང་དབུལ་སྐྱོར་དབུལ་སེལ་ནི་སློབ་སྦྱོང་གི་རིན་ཐང་ཆེན་པོ་ལྡན་པའི་ནང་དོན་ཅིག་ཡིན། ཀྲུང་གོའི་གྲུབ་འབྲས་ལས་དབུལ་ཕོངས་ནི་སེལ་ཐུབ་པ་ཞིག་ཡིན་པ་བདེན་དཔང་བྱས་ཡོད་ཟེར། 

ནེ་པཱ་ལཱ་དང་ཀྲུང་གོའི་མཉམ་ལས་གླེང་སྐབས་ཅཱ་ཝ་ལེ་ཡིས་ཡིད་ཆེས་ཡོད་པའི་སྒོ་ནས་བཤད་རྒྱུར། ཧི་མ་ལ་ཡ་བརྒལ་བའི་མཉམ་འབྲེལ་མཉམ་བརྟེན་དྲ་རྒྱའི་འཛུགས་སྐྲུན་ནི་ནེ་པཱ་ལཱ་དང་ཀྲུང་གོས་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ལས་གཞི་ཆེན་མོ་ཞིག་ཡིན་ལ། ནེ་པཱ་ལཱ་ཡིས་ལས་གཞིའི་ལག་བསྟར་ལ་སྐུལ་འདེད་གཏོང་བཞིན་ཡོད་ཟེར། 

ཅཱ་ཝ་ལེ་ཡིས་ཀྲུང་གོས་ནེ་པཱ་ལཱར་རིམས་ནད་འགོག་སྨན་གྱི་རོགས་སྐྱོར་བྱས་པར་གདེང་འཇོག་ཆེན་པོ་བྱས། ཁོས་བཤད་རྒྱུར། ཀྲུང་གོས་ནམ་རྒྱུན་འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱས་ཏེ་མཉམ་དུ་པྲོག་གསར་ནད་དུག་འགོག་བཅོས་བྱེད་པའི་འབོད་སྐུལ་གཏོང་བཞིན་ཡོད་པ་དེར་གཟེངས་བསྟོད་བྱེད་རིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།