ཀྲུང་གོ་བོད་ཀྱི་དྲ་བ།

ཐིག་དམར་ཀུའི་ནེ་ཡ་རུ་འབར་གས་ཀྱི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི20ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མ་ལ་པོ་ནས་སྤེལ་བའི་གནས་ཚུལ། ཚེས7ཉིན་ཐིག་དམར་ཀུའི་ནེ་ཡའི་གྲོང་ཁྱེར་ཆེ་ཤོས་པ་ཐ་རུ་འབར་གས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་ནས་ཉུང་མཐར་ཡང་མི20ཚེ་ལས་འདས་པ་དང་མི་བརྒྱ་ཕྲག་ལ་རྨས་སྐྱོན་བཟོས་པ་རེད། ཐིག་དམར་ཀུའི་ནེ་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོའི་སྤྱི་དམངས7ལ་རྨས་སྐྱོན་ཕོག་ཡོད་ལ་ཁོ་ཚོ་ཚང་མར་སྨན་བཅོས་ཐོབ་ཡོད་པར་ར་སྤྲོད་བྱས།

ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། དོན་རྐྱེན་དེ་ནི་ཕ་ཐའི་དམག་དོན་ས་ཁོངས་ཤིག་ཏུ་བྱུང་ཞིང་། གོ་མཚོན་ཉར་ཚགས་སྡེ་ཚན་གྱིས་འགན་འཁྲི་སྣང་མེད་ལྷོད་གཡེང་དུ་བཏང་བས་ཉེ་འགྲམ་གྱི་ཞིང་རར་མེ་སྐྱོན་བྱུང་སྟེ་གོ་མཚོན་མཛོད་ཁང་འབར་གས་བྱུང་།

ཐིག་དམར་ཀུའི་ནེ་ཡའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་དགོང་མོར་སྤྱི་བསྒྲགས་སྤེལ་ནས་དོན་རྐྱེན་ནང་མི20ཚེ་ལས་འདས་ཤིང་མི600ལྷག་ལ་རྨས་སྐྱོན་ཕོག་འདུག་ཅེས་བཤད།

མིག་སྔར་འཚོལ་སྐྱོབ་ཀྱི་བྱ་སྤྱོད་སྔར་བཞིན་སྤེལ་བཞིན་ཡོད་པ་མ་ཟད། ས་གནས་དེ་གའི་འཕྲོད་བསྟེན་སྡེ་ཁག་གིས་སྨན་ལས་མི་སྣ་བསྡུ་བཞིན་ཡོད་ལ་དམངས་ཚོགས་ལ་ཁྲག་སྦྱིན་འབུལ་རྒྱུའི་རེ་འབོད་ཀྱང་བྱེད་བཞིན་འདུག

ཐིག་དམར་ཀུའི་ནེ་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་མིག་སྔའི་བར་ཀྲུང་གོའི་སྤྱི་དམངས7ལ་ཕྱི་པགས་ཀྱི་རྨས་སྐྱོན་ཕོག་ཡོད་ལ་ཁོང་ཚོ་ཚང་མར་སྨན་བཅོས་ཐོབ་ཡོད་ཅེས་ར་སྤྲོད་བྱས།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།