ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཙུང་ཐུང་གིས་ཕྱོགས་སོ་སོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་གོ་སྐབས་དམ་འཛིན་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་སླར་གསོ་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར། ཁོས་ཕྱོགས་སོ་སོས་མིག་སྔར་སྔར་བཞིན་གནས་པའི་གྲོས་མཐུན་སླར་གསོའི་གོ་སྐབས་དམ་འཛིན་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ནས་འཛུགས་སྐྲུན་རང་བཞིན་མ་ཡིན་པའི་འགུལ་སྐྱོད་སྤེལ་མི་རུང་བའི་ཉེན་བརྡ་བཏང་། 

ལུའུ་ཧཱ་ནེ་ཡིས་ཉིན་དེར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཁ་པར་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པའི་དམ་བཅའ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། དེའི་རྒྱུ་མཚན་ནི་ཨ་མེ་རི་ཁ་གྲོས་མཐུན་ལས་ཕྱིར་བུད་པ་དང་། འབྲེལ་ཡོད་ཀྱི་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་གྲོས་མཐུན་གྱི་དམ་བཅའ་ལག་བསྟར་བྱེད་མ་ཐུབ་པས་ཡིན་ཟེར། དབྱི་ལིང་སྲིད་གཞུང་གིས་དབྱི་ལིང་གྲོས་ཁང་གི་བཅའ་ཁྲིམས་འཆར་ཟིན་གཞིར་བཟུང་སྟེ་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་ནས་བཟུང་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་གི་ཟུར་སྣོན་གྲོས་ཆོད་ཡི་གེ་ལག་བསྟར་བྱེད་མཚམས་བཞག་ཀྱང་། དབྱི་ལིང་གིས་མུ་མཐུད་དུ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་མཉམ་ལས་བྱེད་རྒྱུ་ཡིན་པ་དང་། དབྱི་ལིང་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་མྱོང་མེད་ཟེར། 

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་འོག ཨ་མེ་རི་ཁའི་ཡ་ང་བའི་ཁྲིམས་འགལ་གྱི་བཀག་སྡོམ་བྱེད་ཐབས་དེས་དབྱི་ལིང་གིས་མ་དངུལ་བཀོལ་ནས་སྨན་རྫས་ནང་འདྲེན་བྱེད་པར་བཀག་རྒྱ་བཟོས་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་དང་ཧྥ་རན་སི་ཡིས་མི་ཆོས་དང་མི་མཐུན་པའི་བྱ་སྤྱོད་དེ་སྣང་མེད་དུ་བསྐྱུར་མི་རུང་བའི་རེ་བ་བཏོན། ཁོས་ད་རུང་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་འཛུགས་སྐྲུན་རང་བཞིན་མིན་པའི་འགུལ་སྐྱོད་གང་སྤེལ་ཡང་མིག་སྔའི་གནས་བབ་ལ་འགྲན་རྩོད་གསར་བ་འབྱུང་དུ་བཅུག་ནས་སྔར་ལས་རྙོག་འཛིང་དུ་གཏོང་སྲིད་ཟེར། 

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་གིས་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། མཱ་ཁི་ལུང་གིས་ཚེས་གཉིས་ཉིན་གྱི་དགོང་མོར་ལུའུ་ཧཱ་ནེ་དང་ཁ་པར་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཧྥ་རན་སི་ཡིས་བལྟས་ན་དབྱི་ལིང་གིས་ངེས་པར་དུ་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དམ་བཅའ་བརྩི་སྲུང་བྱེད་དགོས་པར་མ་ཟད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་མཉམ་ལས་གང་ལེགས་བྱེད་དགོས་པར་འདོད་ཟེར། མཱ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་དང་དེའི་གྲོགས་པོའི་རྒྱལ་ཁབ་དག་གིས་ཉེ་བའི་ལོ་འགའི་རིང་ལ་ནམ་རྒྱུན་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་ཇུས་གཞི་འགོད་པར་འབད་འབུངས་བྱེད་བཞིན་ཡོད་ཟེར། ཁོས་བལྟས་ན་དབྱི་ལིང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རྣམ་འགྱུར་གསལ་བོ་བསྟན་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ཕྱོགས་སོ་སོས་གྲོས་མཐུན་སླར་གསོ་བྱེད་པར་སྟབས་བདེ་བཟོ་དགོས་པར་འདོད། 

ཁོས་ནན་གྱིས་བསྟན་དོན། ཧྥ་རན་སི་ཡིས་ཕྱོགས་སོ་སོ་དང་། ཁྱད་པར་དུ་དབྱི་རག་དང་ཡེ་མིན། ལེ་པཱ་ནུན་བཅས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ས་ཁུལ་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར། ཁོས་དབྱི་ལིང་གིས་རང་ཚོད་བཟུང་ནས་དབུས་ཤར་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ཐད་ཐག་གཅོད་རང་བཞིན་གྱི་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།