ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མཉམ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱིས་ད་ལྟའི་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་བསྟུད་འགན་ཁུར་བར་ཡིད་འཐད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་རྒྱུན་སྲོལ་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ལ་ཞུགས་པའི་ཕྱི་འབྲེལ་བློན་ཆེན་དག་ད་ལྟའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་བསྟུད་འགན་ཁུར་བར་མཐའ་གཅིག་ཏུ་འཐད་པ་བྱུང་། 

བསྒྲགས་པ་ལྟར་ན། ཀའེ་ཐིའི་འགན་ཡུན་དང་པོ་ད་ལོའི་ཟླ་དྲུག་པར་མཇུག་སྒྲིལ་རྒྱུ་རེད། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་ཞུགས་པའི་ཕྱི་འབྲེལ་བློན་ཆེན་དག་ཨེ་ཅིབ་ཀྱི་ཀའེ་ཐི་ཡིས་བསྟུད་འགན་ཁུར་བའི་སྐོར་གྱི་གྲོས་གཞིར་མཐའ་གཅིག་ཏུ་འཐད་པ་བྱུང་བ་རེད། ཀའེ་ཐི་ཡིས་དེའི་རྗེས་སུ་ཞུ་ཚིག་འབུལ་སྐབས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱི་ཆོད་དོན་དེར་བཀའ་དྲིན་ཞུས། 

ཀའེ་ཐི་ནི་གཅིག་སྟོང་དགུ་བརྒྱ་ཞེ་གཉིས་ལོའི་ཟླ་དྲུག་པར་སྐྱེས་པ་དང་། ཨེ་ཅིབ་ཀྱི་སྙན་གྲགས་ཆེ་བའི་ཕྱི་འབྲེལ་ཆེད་མཁས་ཤིག་ཡིན་ལ། ཉིས་སྟོང་བཞི་ལོ་ནས་ཉིས་སྟོང་བཅུ་གཅིག་ལོའི་བར་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་མྱོང་བ་དང་། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པ་ནས་བཟུང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།