དབྱི་ལང་གིས་མིག་སྔར་ད་དུང་ཨ་མེ་ཁ་དང་དབྱིན་ཇི། ཧྥ་རན་སི་བཅས་དང་གྲོས་ཚོགས་བསྡུ་བའི་དུས་ཚོད་བཟང་བོ་མིན་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཐིས་པུའུ་ཀྲ་ཏི་ཡིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། དབྱི་ལང་གིས་མིག་སྔར་ད་དུང་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་བར་ཉིང་རྡུལ་གནད་དོན་ཐད་ནས་དངོས་གཞི་མིན་པའི་གྲོས་ཚོགས་བསྡུ་བའི་དུས་ཚོད་བཟང་བོ་མིན་པའི་ཚུལ་བསྟན་པ་དང་། དབྱི་ལང་ཕྱོགས་ཀྱི་བསམ་ཚུལ་དེར། ཨ་མེ་རི་ཁས་ཡིད་ཆད་པའི་ཚུལ་བསྟན་ཟེར།

ཧྭ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་དབྱི་ལང་ཕྱི་འབྲེལ་པུའུ་ཡི་དྲ་ཐོག་ཏུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉེ་སྔོན་འབྲེལ་ཡོད་གནད་དོན་གྱི་དངོས་གཞི་མིན་པའི་གྲོས་ཚོགས་བསྡུ་རྒྱུའི་བསམ་འཆར་བཏོན་ན་ཡང་། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་བཞིའི་ཉེ་ལམ་གྱི་རྣམ་འགྱུར་དང་བྱ་སྤྱོད་ལ་གཞིགས་ན། དབྱི་ལང་གིས་མིག་སྔར་ད་དུང་རྒྱལ་ཁབ་དེ་དག་དང་དངོས་གཞི་མིན་པའི་གྲོས་ཚོགས་བསྡུ་བའི་དུས་ཚོད་བཟང་བོ་མིན་པའི་ཚུལ་བསྟན་ཡོད་ཟེར།

ཁོས་བསྟན་དོན། པད་ཏིན་སྲིད་གཞུང་གིས་སྐབས་དང་པོའི་ཨ་མེ་རི་ཁ་སྲིད་གཞུང་གི་སྣོན་ཤུགས་ཆེ་རུ་གཏོང་བའི་སྲིད་ཇུས་མ་དོར་ལ། ཨ་མེ་རི་ཁར་དབྱི་ལང་གི་ཉིང་རྡུལ་གྲོས་མཐུན་ཁྲོད་བཞག་པའི་དམ་བཅའ་ལག་བསྟར་བྱེད་པའི་འགན་འཁྲི་ཡོད་པ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་སྟོང་གཉིས་དང་ཉིས་བརྒྱ་སོ་གཅིག་པ་བརྩི་སྲུང་བྱེད་དགོས་པ་དྲིལ་སྒྲོག་མ་བྱས། མདུན་སྐྱོད་ཀྱི་ལམ་བུ་ཁ་གསལ་བོ་ཡིན་ཏེ། ཨ་མེ་རི་ཁས་ངེས་པར་དུ་ཁྲིམས་འགལ་ཕྱོགས་གཅིག་བཀག་སྡོམ་མེད་པར་བྱེད་པ་དང་། དབྱི་ལང་གི་ཉིང་རྡུལ་གྲོས་མཐུན་ཐད་ཀྱི་དམ་བཅའ་ལག་བསྟར་བྱེད་དགོས་ལ། གནད་དོན་དེའི་ཐད་ནས་གྲོས་སྡུར་བྱེད་དགོས་དོན་མེད། བཀག་སྡོམ་མེད་པར་བྱས་མ་ཐག དབྱི་ལང་གིས་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་གྲོས་མཐུན་ལ་ཁྱོན་ཡོངས་ནས་བརྩི་སྲུང་བྱེད་རྒྱུ་ཡིན་ན་ཡང་། གལ་ཏེ་བསམ་གཟས་ཀྱི་བྱ་སྤྱོད་ལ་ཁ་གཏད་དགོས་ན། དབྱི་ལིང་གིས་ཀྱང་རྒོལ་ལན་འོས་འཚམ་སྤྲོད་རྒྱུ་ཡིན་ཟེར།

དབྱི་ལིང་ཕྱོགས་ཀྱི་གོང་གསལ་གྱི་རྣམ་འགྱུར་དེར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཞིག་གིས་ཚེས་ཉེར་བརྒྱད་ཉིན་ཡིད་ཆད་ཡོད་པའི་ཚུལ་བསྟན། མགྲིན་ཚབ་པ་དེའི་གསལ་བསྒྲགས་ཐུང་ངུའི་ནང་བཤད་རྒྱུར། ཨ་མེ་རི་ཁས་དུས་ནམ་ཡང་དོན་སྙིང་ལྡན་པའི་ཕྱི་འབྲེལ་བྱ་འགུལ་ཁྲོད་ཞུགས་ནས་ཕྱོགས་གཉིས་ཀྱིས་མཉམ་དུ་དབྱི་ལང་གི་ཉིང་རྡུལ་གྲོས་མཐུན་གྱི་དམ་བཅའ་བརྩི་སྲུང་བྱེད་རྒྱུའི་གྲ་སྒྲིག་བྱས་ཡོད། ཨ་མེ་རི་ཁས་དབྱིན་ཇི་དང་ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བར་ཆེས་བཟང་བའི་ཐག་གཅོད་བྱེད་ཐབས་ལ་གྲོས་ཞིབ་བྱེད་རྒྱུ་ཡིན་ཟེར།

དེའི་སྔོན་དུ། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལང་ཉིང་རྡུལ་ཁྱོན་ཡོངས་གྲོས་གཞི་ཁྲོད་ཞུགས་པའི་རྒྱལ་ཁབ་དང་ཨ་མེ་རི་ཁའི་བར་དངོས་གཞི་མིན་པའི་གྲོས་མོལ་སྤེལ་རྒྱུའི་གྲོས་གཞི་བཏོན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་ལེ་སི་ཡིས་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། ཨ་མེ་རི་ཁས་ཡོ་རོབ་གླིང་མནའ་འབྲེལ་གྱི་གདན་ཞུ་དང་ལེན་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།