ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་དུས་ཡུན་རིང་བོའི་ཤུགས་རྐྱེན་ལ་མཐོང་ཆེན་བྱེད་དགོས་པའི་གསལ་འདེབས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཡོ་རོབ་གླིང་ས་ཁོངས་དོན་གཅོད་ཁང་གི་ཀྲུའུ་རིན་ཁི་ལུའུ་ཀི་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཉེ་སྔོན་ཡོ་རོབ་གླིང་ས་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་འགོ་ཚད་སྤྱིའི་ཆ་ནས་ཇེ་དམའ་རུ་འགྲོ་བཞིན་ཡོད་ཀྱང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་པྲོག་གསར་རིམས་ནད་ཀྱི་ཞོར་སྐྱོན་ལས་བདེ་ཐང་སོགས་ལ་བཟོས་པའི་དུས་ཡུན་རིང་བོའི་ཤུགས་རྐྱེན་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། རིམས་ནད་རྗེས་ཀྱི་ལས་འགན་གཙོ་བོར་འཇོག་ངེས་ཡིན་ཟེར། 

ཁི་ལུའུ་ཀི་ཡིས་ཉིན་དེར་ཀི་པིན་ཧཱ་ཀིན་ནས་བསྡུས་པའི་སྐུད་ཐོག་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། བཅུ་ཆའི་གཅིག་གི་ཡོ་རོབ་གླིང་གི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དྲག་སྐྱེད་བྱུང་རྗེས་གཟའ་འཁོར་བཅུ་གཉིས་ཀྱི་རིང་ལ་སྔར་བཞིན་དུ་བདེ་བོ་མིན་པའི་ནད་རྟགས་ཡོད་པ་དང་། མི་མང་བོའི་ནད་རྟགས་དེ་འབྱུང་བའི་ཡུན་ཚད་དེ་ལས་ཀྱང་རིང་བས། སྤྱི་ཚོགས་དང་དཔལ་འབྱོར། བདེ་ཐང་སོགས་ཐད་ཀྱི་གནད་དོན་ཚབས་ཆེན་བཟོས་ཡོད་ཟེར། 

ལོན་ཏོན་སློབ་ཆེན་གྱི་འཕྲོད་བསྟེན་དང་ཚ་ཁུལ་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་མེད་ཅི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཞོར་སྐྱོན་དེ་ནི་ནད་རྟགས་མི་འདྲ་བ་མཉམ་འདུས་ཀྱི་ཕུང་བོ་ཞིག་ཡིན་ཞིང་། བྲང་ཁ་དང་ཤ་གནད་ན་བ་དང་། ཐང་ཆད་པ། དབུགས་ཀྱི་གཏོང་ལེན་མྱུར་བ། ཀླད་པ་མི་གསལ་བ་སོགས་འདུས་ཡོད་ཟེར། 

ཁི་ལུའུ་ཀི་ཡིས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡོ་རོབ་གླིང་ས་ཁོངས་དོན་གཅོད་ཁང་གིས་ས་ཁོངས་དེའི་རྒྱལ་ཁབ་དག་གི་འཕྲོད་བསྟེན་དཔོན་རིགས་དང་མཉམ་དུ་གྲོས་ཚོགས་བསྡུས་ཏེ། གནད་དོན་དེ་ཐག་གཅོད་བྱེད་པའི་ས་ཁོངས་རང་བཞིན་གྱི་འཐབ་ཇུས་གཏན་འབེབས་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་ས་ཁུལ་རང་གི་རྒྱལ་ཁབ་དང་ལས་ཁུངས་ཀྱིས་མཉམ་ལས་བྱས་ཤིང་། གཅིག་གྱུར་གྱི་གཞི་གྲངས་འཚོལ་སྡུད་ཡོ་བྱད་དང་ཞིབ་འཇུག་ཇུས་གཞི་བེད་སྤྱོད་བྱས་ཏེ། ཚད་ཆེན་པོའི་སྒོ་ནས་གསོ་བཅོས་ཕན་ནུས་མཐོར་འདེགས་དང་ནད་པའི་དུས་ཡུན་རིང་བོའི་ཞོར་སྐྱོན་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།