ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་སྡེ་བ་འགར་དྲག་ཆས་ཉེས་ཅན་གྱིས་འཇབ་རྒོལ་ཐེབས་ཏེ་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་དཔོན་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་དབུས་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ནཱ་ཀྲིག་ཏུ་ཉེ་སྔོན་དྲག་ཆས་ཉེས་ཅན་གྱིས་སྡེ་བར་འཇབ་རྒོལ་བྱས་པའི་དོན་རྐྱེན་ཐེངས་འགའ་བྱུང་སྟེ། བསྡོམས་པས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་སྡེ་མི་རེ་འགའ་བཙན་ཁྲིད་བྱས་ཟེར། 

ཁཱ་ཏུའུ་ནཱ་ཀྲིག་གི་ནང་སྲིད་སྡེ་ཁག་གི་འགན་ཁུར་བ་ཨ་ལུའུ་ཝན་གྱིས་ཉིན་དེར་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱིས་ཚེས་ཉེར་གསུམ་དང་ཚེས་ཉེར་བཞི་ཉིན་བསྟུད་མར་ཀྲིག་དེའི་སྡེ་ཁ་འགར་འཇབ་རྒོལ་བྱས་ཏེ། བསྡོམས་པས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད། མིག་སྔར་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཨ་ལུའུ་ཝན་གྱིས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་སྡེ་མིའི་ཁང་བ་མེར་བསྲེག་པ་དང་སྒོ་ཕྱུགས་མང་བོ་འཕྲོག་བཅོམ་བྱས། དམག་དཔུང་གིས་དོན་རྐྱེན་བྱུང་སའི་ས་ཁུལ་ཉེ་འདབས་ཀྱི་མྱུལ་ཞིབ་དང་སྐོར་གཡེང་བྱ་བར་ཤུགས་སྣོན་བྱས་ཡོད་ཟེར། ཁོས་མང་ཚོགས་ཀྱིས་བདེ་འཇགས་སྡེ་ཁག་ལ་དྲག་ཆས་ཉེས་ཅན་དེ་དག་གར་སོང་གི་གནས་ཚུལ་སྙན་ཞུ་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།