ཨེ་ཀཱ་ཏོར་གྱི་བཙོན་ཁང་གསུམ་དུ་ཟིང་ཆ་ལངས་ནས་མི62རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཀཱ་ཏོར་གྱི་ཉེན་རྟོག་པས་ཚེས23ཉིན་བཤད་རྒྱུར། ཉིན་དེར་རྒྱབ་ཁབ་དེའི་བཙོན་ཁང་གསུམ་དུ་ཟིང་ཆ་བྱུང་ནས་མི་རེ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག་ཟེར།

ཨེ་ཀཱ་ཏོར་གྱི་ཉེན་རྟོག་པས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱེད་སྟེང་བཤད་རྒྱུར། ཚེས23ཉིན་གྱི་སྔ་དྲོར་ཀྭ་ཡཱ་སི་ཞིང་ཆེན་དང་ཁུ་ཐུའོ་ཕཱ་ཞི་ཞིང་ཆེན། ཨ་སུའུ་ཨའེ་ཞིང་ཆེན་བཅས་ཀྱི་བཙོན་ཁང་གསུམ་གྱི་བཙོན་མིས་ཟིང་ཆ་བསླངས་ཏེ་བཙོན་མ་རེ་གཉིས་རྐྱེན་ལམ་དུ་ཤོར་བ་དང་དོན་རྐྱེན་དེ་བཙོན་མའི་ཕྱོགས་ཁག་ཕན་ཚུན་བར་རྩོད་གླེང་བྱུང་བ་ལས་བྱུང་བ་རེད་ཟེར།

ཨེ་ཀཱ་ཏོར་གྱི་ཉེན་རྟོག་པས་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བ་ཚང་མ་བཙོན་ཁང་དུ་ལག་འཛིང་བྱས་པའི་བཙོན་མ་རྐྱང་རྐྱང་ཡིན་པ་དང་།ཉེན་རྟོག་པ་འགའ་ལའང་རྨས་ཕོག་ཡོད་ཟེར།

ཨེ་ཀཱ་ཏོར་སྲིད་གཞུང་པུའུ་ཡི་པུའུ་ཀྲང་ཕཱ་ཐུ་ལི་ཞི་ཨའོ་ཕཱ་སི་སྨི་ཉི་ཨའོ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱེད་སྟེང་བཤད་དོན།ཉེས་བཟོ་རྩ་འཛུགས་ཀྱིས་གཅིག་གྱུར་སྒོས་བཙོན་ཁང་ནང་དུ་དྲག་ཤུགས་དོན་རྐྱེན་བསླངས་པ་རེད་ལ།ཉེན་རྟོག་པས་རོགས་དམག་མངགས་ནས་འབྲེལ་ཡོད་བཙོན་ཁང་གི་གནས་བབ་ཚོད་འཛིན་བྱས་པར་མ་ཟད།བཙོན་ཁང་གཞན་དུ་འདིའི་རིགས་ཀྱི་དོན་རྐྱེན་འབྱུང་བར་དོགས་ཟོན་བྱས་ཡོད་ཟེར།

ཨེ་ཀཱ་ཏོར་གྱི་ཙུང་ཐུང་མཱོ་ལེ་ནུའོ་ཡིས་ཉིན་དེར་བཙོན་ཁང་ནས་བྱུང་བའི་དྲག་ཤུགས་དོན་རྐྱེན་ཐད་ཡིད་ཡིད་ཕངས་པའི་ཚུལ་བསྟན་པ་མ་ཟད།ཉེན་རྟོག་རུ་ཁག་གིས་བདེ་འཇགས་ཐད་འབྲེལ་ཡོད་བྱེད་ཐབས་སྤྱོད་དགོས་པའི་བཀའ་བབས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།