མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སྐབས་ལྔ་བ་སྤེལ་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སྐབས་ལྔ་བ་ཚེས་ཉེར་གཉིས་ཉིན་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་སྤེལ་མགོ་བརྩམས་པ་དང་། འཛམ་གླིང་ཡོངས་ཀྱི་ཆབ་སྲིད་མགོ་ཁྲིད་པ་གཙོ་བོ་དང་ཚོང་དོན་ལས་རིགས་ཀྱི་མི་སྣ། དམངས་ཁྲོད་ལས་ཁུངས་ཀྱི་འཐུས་མི་བཅས་ལྷན་དུ་འཛོམས་ཏེ། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་འོག་གི་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་སྲིད་ཇུས་ལ་མཉམ་དུ་གྲོས་བསྡུར་བྱས། 

སྐབས་འདིའི་ཁོར་ཡུག་ཚོགས་ཆེན་དེ་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་སྐུད་ཐོག་གི་གྲོས་ཚོགས་རྣམ་པས་སྤེལ་རྒྱུ་ཡིན་པ་དང་། ཚོགས་ཆེན་གྱི་བརྗོད་སྙིང་ནི་རང་བྱུང་སྲུང་སྐྱོབ་ཀྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་པ་དེ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་འཛམ་གླིང་ཡོངས་སུ་རྒྱ་ཡན་དུ་འགྲོ་བའི་སྐབས་འདིར་མིའི་རིགས་ཁོར་ཡུག་གི་ཉམས་ཉེན་ཆེན་པོ་གསུམ་ལ་འཕྲད་ཡོད་དེ། ནམ་ཟླའི་འགྱུར་ལྡོག་དང་། སྐྱེ་དངོས་སྣ་མང་ཅན་གྱི་ཉམས་དམས། ལོ་རེར་མི་ས་ཡ་དགུ་ཙམ་གྱི་སྲོག་འཕྲོག་པར་བྱེད་པའི་ཁོར་ཡུག་སྦགས་བཙོག་གི་གནད་དོན་བཅས་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། ངེས་པར་དུ་ནུས་ཤུགས་ཡོད་དགུས་བྱེ་འགྱུར་ཅན་དང་རྒྱ་མཚོའི་གད་སྙིགས། འབྲུ་རིགས། ཆུའི་བདེ་འཇགས་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ང་ཚོས་ངེས་པར་དུ་སའི་གོ་ལའི་སྐྱེ་ཁམས་བདེ་ཐང་དེ་འཆར་གཞི་དང་སྲིད་ཇུས་གཏན་འབེབས་བྱེད་པའི་གོ་གནས་གཙོ་བོར་འཇོག་དགོས་ཟེར། 

ཚོགས་ཆེན་གྱི་ཀྲུའུ་ཞི། ནོར་ཝེའི་ཁོར་ཡུག་བློན་ཆེན་ལོ་ཐི་ཝ་ནིན་གྱིས་བཤད་རྒྱུར། སྐབས་འདིའི་ཚོགས་ཆེན་གྱི་ནང་དོན་གཙོ་བོ་ནི་ཇི་ལྟར་རིམས་ནད་རྗེས་ཀྱི་སྤྱི་ཚོགས་སླར་གསོའི་བྱ་བར་གསོན་ཤུགས་རྒྱས་པར་བྱེད་རྒྱུར་གྲོས་བསྡུར་བྱེད་པ་དེ་ཡིན། མ་འོངས་པའི་སྤྱི་ཚོགས་ཀྱིས་ནམ་ཟླའི་ཉམས་ཉེན་དང་སྲོག་འཕྲོག་པར་བྱེད་པའི་ནད་ཡམས་འགོ་བའི་འབྱུང་རྩ་འགོག་ཐུབ་མིན་གྱི་གནད་འགག་ནི་སྲིད་ཇུས་དང་ལྟ་རྟོག་དོ་དམ་བཅོས་བསྒྱུར། འདང་ཚིམས་པའི་མ་དངུལ། ལག་རྩལ་དང་གསར་གཏོད་བྱེད་ཐབས་བཅས་ཀྱི་བེད་སྤྱོད་ལ་རག་ལས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་ཨན་ནོའུ་ཧྲིན་གྱིས་བསྟན་དོན། སྤྱི་ཚོགས་དཔལ་འབྱོར་དང་སྐྱེ་ཁམས་འགྱུར་ལྡོག་གི་གནས་བབ་འོག སྐབས་ལྔ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་བསྡུས་པར་དོན་སྙིང་ལྷག་ཏུ་ལྡན་པ་དང་། རང་བྱུང་དང་འཆམ་མཐུན་མཉམ་ལས་བྱེད་པ་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གནད་འགག་ཡིན་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་ཚོགས་ཆེན་གྱི་ཁྱད་ཆོས་ཆེན་པོ་ཞིག་ནི་རྒྱལ་ཁབ་སོ་སོའི་པུའུ་ཀྲང་དང་མཐོ་རིམ་འཐུས་མི་ཞུགས་པའི་མཐོ་རིམ་གྲོས་མོལ་ཡིན་པ་དང་། གྲོས་མོལ་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཁོར་ཡུག་གནད་དོན་ལ་གཙོ་བོར་དམིགས་ཏེ། སྲུང་སྐྱོབ་དང་ཁོར་ཡུག་སླར་གསོ་ལ་བརྟེན་ནས་ཇི་ལྟར་སོས་ཤུགས་དང་བཟོད་སྒོམ་རང་བཞིན་ལྷག་ཏུ་ལྡན་པའི་རིམས་ནད་རྗེས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།