ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་ལ་ཁོང་གོ་ཅིན་ནས་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཉིས་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་ལ་ཉིན་དེར་ཁོང་གོ་ཅིན་ནས་འཇབ་རྒོལ་ཐེབས་ཏེ་དབྱི་ཐཱ་ལེའི་གཞུང་ཚབ་པ་སོགས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་བཟོས་པར་རྒོལ་གཏམ་དྲག་པོ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་འདས་པོའི་ཁྱིམ་མི་དང་དབྱི་ཐཱ་ལེའི་སྲིད་གཞུང་། ཁོང་གོ་ཅིན་སྲིད་གཞུང་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པའི་ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལས་རོགས་དང་། ཁོང་གོ་ཅིན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁག་ཧྲིལ་བོར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཁོང་གོ་ཅིན་སྲིད་གཞུང་གིས་མྱུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་ལ་དམིགས་པའི་ཡ་ང་བའི་འཇབ་རྒོལ་དོན་རྐྱེན་དེར་རྟོག་དཔྱོད་བྱས་ཏེ། དོན་རྐྱེན་བཟོ་མཁན་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཁོང་གོ་ཅིན་སྲིད་གཞུང་དང་མི་དམངས་ཀྱི་རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་ཡས་མས་སུ་བྱུང་བ་དང་། ཁོང་གོ་ཅིན་དུ་སྡོད་པའི་དབྱི་ཐཱ་ལེའི་གཞུང་ཚབ་པ་ལུའུ་ཁཱ་ཨ་ཐཱ་ནཱ་ཞི་ཨོ་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ཕ་ཡུལ་ཁོང་གོ་ཅིན་ནས་ཡིན་པའི་ལས་བྱེད་མི་སྣ་གཅིག་བཅས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། རླངས་འཁོར་རུ་ཁག་ཁྲོད་ཀྱི་འགྲོ་རོགས་མི་གཞན་པར་ཡང་རྨས་སྐྱོན་ཕོག་ཡོད། མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་དེ་ཉིན་དེར་ཁོང་གོ་ཅིན་ཤར་ཕྱོགས་ཀྱི་ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཀི་མཱ་ནས་ལམ་དུ་ཆས་པ་ཡིན་ལ། ཀི་མཱའི་བྱང་ངོས་ཀྱི་སློབ་གྲྭ་ཞིག་ལ་ལྟ་ཞིབ་བྱེད་པའི་འཆར་གཞི་ཡོད་པ་རེད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།