ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་ཙུང་ཐུང་གིས་གྲོས་མོལ་སྤེལ་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་གཉིས་ཀྱིས་ཚེས་ཉེར་གཉིས་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཕུའུ་ཅིན་གྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མི་ནི་འབྲེལ་ཐག་ཉེ་བའི་མི་རིགས་གཉིས་ཡིན་ཞིང་། རྒྱལ་ཁབ་གཉིས་ལ་ཐུན་མོང་གི་སྐད་བརྡ་དང་རིག་གནས། ཆོས་ལུགས། ལོ་རྒྱུས་བཅས་ཡོད་ལ། དེ་དག་གིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་གཅིག་ཏུ་སྦྲེལ་ཡོད། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ནི་འཐབ་ཇུས་གྲོགས་ལས་གྲོགས་པོ་དང་མནའ་མཐུན་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོ་ནས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། ཨུ་རུ་སི་ཡིས་ཨུ་རུ་སི་དཀར་པོར་འདོན་སྤྲོད་བྱས་པའི་ནོར་སྲིད་རོགས་སྐྱོར་དུས་ལྟར་འབྱོར་བ་དང་གལ་འགངས་ཧ་ཅང་ཆེ། ཨུ་རུ་སི་དཀར་པོས་མ་དངུལ་དེ་དག་ཐོན་སྐྱེད་དང་ཨུ་རུ་སི་ནས་རྒྱུ་ཆ་དང་ལྷུ་ལག་ཉོ་བསྡུ་བྱེད་པ་སོགས་ཀྱི་ཐད་བཀོལ་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལས་གཞི་མང་བོ་དངོས་འབེབ་བྱེད་བཞིན་པའི་སྒང་ཡིན་ཟེར། 

ཕྱོགས་གཉིས་ཀྱིས་ད་རུང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐད་ནས་མཉམ་ལས་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་ཐོན་སྐྱེད་བྱས་པའི་འགོག་སྨན་ལ་ཕན་ནུས་ཆེན་པོ་ལྡན་པ་དང་། རྒྱལ་ཁབ་མང་བོའི་ཁས་ལེན་ཐོབ་ཡོད། ཨུ་རུ་སི་དཀར་པོ་ཡིས་ཨུ་རུ་སི་ཡིས་འདོན་སྤྲོད་བྱས་པའི་ལག་རྩལ་གྱི་རྨང་གཞིའི་སྟེང་འགོག་སྨན་ཐོན་སྐྱེད་བྱེད་རྒྱུ་ཡིན་ཟེར། ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་རིམས་ནད་འགོག་རྒོལ་བྱེད་པའི་མཉམ་ལས་ལ་ལེགས་འགྲུབ་ཆེན་པོ་བྱུང་ཡོད་ལ། ཨུ་རུ་སི་ཡིས་ཨུ་རུ་སི་དཀར་པོར་འགོག་སྨན་ཐོན་སྐྱེད་བྱེད་པའི་ལག་རྩལ་འདོན་སྤྲོད་བྱས་ཡོད་ཟེར། 

ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོའི་ཟླ་བཅུ་གཉིས་པར་མནའ་འབྲེལ་རྒྱལ་ཁབ་འཛུགས་པའི་ཆིངས་ཡིག་བཀོད། ཆིངས་ཡིག་ལས་རྒྱལ་ཁབ་གཉིས་ཀྱིས་རང་རང་རྒྱལ་ཁབ་ཀྱི་བདག་དབང་དང་སྒེར་ཚུགས། རྒྱལ་ཁབ་ལམ་ལུགས་བཅས་སྲུང་འཛིན་བྱེད་པའི་ཞོར་དུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ངོ་བོ་ལྡན་པའི་རྒྱལ་ཁབ་འཛུགས་པར་གཏན་འཁེལ་བྱས་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།