ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཨ་མེ་རི་ཁ་དངོས་སུ་ཕཱ་རེ་སིའི་གྲོས་ཆོད་ནང་ཡང་བསྐྱར་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་། ཨ་མེ་རི་ཁས་མྱུར་མོར་མཉམ་འབྲེལ་རྒྱལ་ཚོགས་གཙོ་བྱས་པའི་འཛམ་གླིང་ཡོངས་ཀྱི་ཐཱན་ཇེ་ཉུང་དུ་གཏོང་བའི་མནའ་འབྲེལ་ནང་ཞུགས་དགོས་པར་མ་ཟད། ཉིས་སྟོང་ལྔ་བཅུ་ལོའི་སྔོན་ཐཱན་ཇེ་ཉུང་དུ་གཏོང་བ་མངོན་འགྱུར་བྱེད་པའི་བྱེ་བྲག་གི་འཆར་གཞི་འདོན་དགོས་པའི་རེ་བ་བཏོན།
ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཨ་མེ་རི་ཁ་ཉིན་དེར་ཕཱ་རེ་སིའི་གྲོས་ཆོད་ནང་ཡང་བསྐྱར་ཞུགས་པ་ཡིན་ཟེར། ཀུའུ་ཐི་ལོས་སི་ཡིས་ཉིན་དེར་བརྙན་རིས་གྲོས་ཚོགས་ཤིག་ལ་ཞུགས་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་བྱ་སྤྱོད་དེ་ཨ་མེ་རི་ཁ་དང་འཛམ་གླིང་ཡོངས་ལ་མཚོན་ན་འཕྲིན་བཟང་ཞིག་རེད། ཉེ་བའི་ལོ་འགའི་རིང་ལ། ཨ་མེ་རི་ཁ་ཞུགས་མེད་པས་ཕཱ་རེ་སིའི་གྲོས་ཆོད་དེ་འཐུས་སྒོ་ཚང་བ་ཞིག་མ་རེད་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཉེ་སྔོན་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐད་བྱ་བ་བསྒྲུབས་མེད་ཀྱང་། ཨ་མེ་རི་ཁའི་ས་གནས་སྲིད་གཞུང་དང་ཁེ་ལས་སོགས་ཀྱིས་སྔར་བཞིན་ཕཱ་རེ་སིའི་གྲོས་ཆོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་པས། ཨ་མེ་རི་ཁས་དེའི་རྨང་གཞིའི་སྟེང་བློ་སྤོབས་ཆེ་བའི་རྒྱལ་ཁབ་རང་བདག་གི་བྱས་རྗེས་འཇོག་པའི་ལོ་བཅུའི་འཆར་གཞི་འདོན་དགོས་པའི་རེ་བ་བཏོན།
ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པར་ཨ་མེ་རི་ཁ་ཕཱ་རེ་སིའི་གྲོས་ཆོད་ལས་ཕྱིར་བུད་པ་ཁྱབ་སྒྲོག་བྱས། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། ཨ་མེ་རི་ཁ་དངོས་སུ་འཆར་གཞི་དེ་ལས་ཕྱིར་བུད། བྱ་སྤྱོད་དེ་ལ་ཨ་མེ་རི་ཁའི་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཆེར་སྐྱོན་བརྗོད་བྱས། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་ཉི་ཤུ་ཉིན། པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བའི་ཉིན་དང་པོར་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཨ་མེ་རི་ཁ་ཡང་བསྐྱར་ཕཱ་རེ་སིའི་གྲོས་ཆོད་ནང་ཞུགས་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ལ་ཡིག་ཆ་སྤྲད། གྲོས་ཆོད་དེ་ལྟར་ན། ཨ་མེ་རི་ཁ་ཡང་བསྐྱར་ཞུགས་པ་དེ་ཡིག་ཆ་སྤྲད་ནས་ཉིན་སུམ་ཅུའི་རྗེས་སུ་ནུས་ལྡན་དུ་འགྱུར་ངེས་རེད།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་མེ་རི་ཁས་ཐཱན་ཇེ་ཉུང་དུ་གཏོང་བ་མངོན་འགྱུར་བྱེད་པའི་བྱེ་བྲག་གི་འཆར་གཞི་འདོན་པར་རེ་སྒུག་བྱེད་པའི་ཚུལ་བསྟན།