ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱེ་ཧི་སོགས་མཚོ་འགྲམ་གྲོང་ཁྱེར་བར་དུ་ཐད་གཏོང་གནམ་གྲུ་གཏོང་རྒྱུ་སླར་གསོ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དཔོན་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་ཨེ་ཅིབ་དང་མཚོ་དམར་མཚོ་འགྲམ་གྱི་ཧྲ་མུའུ་ཧྲ་དབྱེ་ཧི་དང་ཧུའུ་ཨར་ཅཱ་ཏཱ་གྲོང་ཁྱེར་དུ་འཕུར་བའི་ཐད་གཏོང་གནམ་གྲུ་ཡང་བསྐྱར་གཏོང་རྒྱུ་རེད་ཟེར། 

ཨེ་ཅིབ་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡི་འགན་ཁུར་བ་ནོའུ་ཝེ་ཨར་གྱིས་ཉིན་དེར་བཤད་རྒྱུར། ཨུ་རུ་སིའི་འགྲིམ་འགྲུལ་པུའུ་ཡི་འཐུས་ཚབ་ཚོགས་པས་ཉེ་སྔོན་ཧྲ་མུའུ་ཧྲ་དབྱེ་ཧི་དང་ཧུའུ་ཨར་ཅཱ་ཏཱ་གྲོང་ཁྱེར་གཉིས་ཀྱི་གནམ་གྲུ་ཐང་ལ་དུས་ཡུན་གཟའ་འཁོར་གཅིག་རིང་གི་ཞིབ་བཤེར་བྱས་པ་དང་། དེའི་རྗེས་སུ་གནམ་གྲུ་ཐང་དེ་གཉིས་ཀྱི་བདེ་འཇགས་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཨུ་རུ་སིའི་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་བཀོད་པ་བརྒྱུད། ཨུ་རུ་སིའི་བྱང་རླུང་མཁའ་འགྲུལ་ཀུང་ཟི་ཡིས་གཟའ་འཁོར་རེར་གནམ་གྲུ་ཐེངས་བཞི་གཏོང་རྒྱུ་ཡིན་པ་དང་། དེའི་ནང་ཧྲ་མུའུ་ཧྲ་དབྱེ་ཧི་དང་ཧུའུ་ཨར་ཅཱ་ཏཱ་གྲོང་ཁྱེར་གཉིས་ལ་སོ་སོར་གནམ་གྲུ་ཐེངས་གཉིས་རེ་གཏོང་རྒྱུ་རེད། 

ཨེ་ཅིབ་གྲོས་ཁང་གི་གནས་སྐོར་དང་དམངས་སྤྱོད་མཁའ་འགྲུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞིན་ཏིས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་ཡིས་རྒྱལ་ཁབ་གཉིས་བར་གྱི་གནམ་གྲུ་གཏོང་མཚམས་མ་བཞག་གོང་། ཨུ་རུ་སི་ནི་ཨེ་ཅིབ་ཀྱི་གནས་སྐོར་འགྲུལ་བའི་ཡོང་ཁུངས་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ། ཐེངས་འདིའི་ཐད་གཏོང་གནམ་གྲུ་སླར་གསོ་བྱས་པ་ལས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཚབས་ཆེན་ཐེབས་པའི་ཨེ་ཅིབ་ཀྱི་གནས་སྐོར་ལས་རིགས་ལ་ཡང་བསྐྱར་གསོན་ཤུགས་རྒྱས་སུ་འཇུག་ཐུབ་པའི་རེ་བ་ཡོད་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ནས་བཟུང་ལོ་གཅིག་ལ་མཚམས་ཆད་པའི་ཨེ་ཅིབ་དང་ལི་པུ་ཡཱའི་བར་གྱི་ཐད་གཏོང་གནམ་གྲུ་ཡང་བསྐྱར་གཏོང་བར་ཆོག་མཆན་བཀོད་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།