ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འཛམ་གླིང་ཡོངས་ཀྱི་འགོག་སྨན་རྒྱག་པའི་འཆར་གཞི་གཏན་ཁེལ་བྱེད་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བདུན་ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་སྣེ་ཁྲིད་དེ་བྲེལ་མྱུར་དམིགས་བསལ་བྱ་བའི་ཚན་ཆུང་བཙུགས་ཏེ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འཛམ་གླིང་ཡོངས་ཀྱི་འགོག་སྨན་རྒྱག་པའི་འཆར་གཞི་གཏན་ཁེལ་བྱེད་རྒྱུའི་གྲོས་གཞི་བཏོན།

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བགོ་བཤའི་ཡོངས་བསྒྲགས་དཔྱད་གླེང་ཚོགས་འདུའི་སྟེང་གྲོས་གཞི་དེ་བཏོན་པ་རེད། ཁོས་བཤད་རྒྱུར། ད་ཡོད་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་འཆར་གཞི་ནི་ཡོང་འབབ་དམའ་འབྲིང་གི་རྒྱལ་ཁབ་ལ་འགོག་སྨན་འདོན་སྤྲོད་བྱེད་པར་དམིགས་ཡོད་པས། རྒྱབ་སྐྱོར་གྱི་མ་དངུལ་འདང་ཚིམས་པ་ཐོབ་དགོས་ཀྱང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་འཆར་གཞི་ཡོད་པ་ཙམ་གྱིས་མི་འདང་བར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འཛམ་གླིང་ཡོངས་ཀྱི་འགོག་སྨན་རྒྱག་པའི་འཆར་གཞི་གཏན་ཁེལ་བྱས་ཏེ། ཚན་རིག་ཤེས་བྱ་དང་ཐོན་སྐྱེད་ནུས་པ། མ་དངུལ་རྒྱབ་སྐྱོར་བཅས་གཅིག་ཏུ་བསྡུ་དགོས། ཁོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་སྣེ་ཁྲིད་དེ་བྲེལ་མྱུར་དམིགས་བསལ་བྱ་བའི་ཚན་ཆུང་ཞིག་བཙུགས་ནས་འཆར་གཞི་དེ་གཏན་ཁེལ་བྱེད་པར་གྲ་སྒྲིག་བྱེད་དགོས་པར་མ་ཟད། འཆར་གཞི་དེའི་དངོས་འབེབ་དང་དངུལ་གསོག་ཐད་མཐུན་སྦྱོར་བྱེད་དགོས་པའི་གྲོས་གཞི་བཏོན། 

ཁོས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་དམིགས་བསལ་བྱ་བའི་ཚན་ཆུང་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་པའི་ནུས་པ་ལྡན་པའི་རྒྱལ་ཁབ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། འཛམ་གླིང་ཡོངས་ཀྱི་འགོག་སྨན་རིམས་འགོག་མནའ་འབྲེལ་སོགས་ཆེད་ལས་ལས་ཁུངས། རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས་བཅས་ཀྱིས་སྨན་རྫས་བཟོ་སྐྲུན་དང་དངོས་རྒྱུན། ལས་རིགས་གཞན་པ་བཅས་ཀྱི་ཁེ་ལས་གཙོ་བོར་སྐུལ་སློང་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འགོག་སྨན་གྱི་བགོ་བཤའ་འདྲ་མཉམ་ཡོང་བ་ནི་མིའི་རིགས་ཀྱི་སྤྱི་ཚོགས་སུ་མིག་སྔར་བྱུང་བའི་ཆེས་ཛ་དྲག་གི་ཀུན་སྤྱོད་ཉམས་སད་ཅིག་ཡིན་པས། ངེས་པར་དུ་ས་ཁུལ་སོ་སོའི་མི་ཚང་མས་མྱུར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་ཐུབ་པར་ཁག་ཐེག་བྱེད་དགོས། མིག་སྔར་འགོག་སྨན་རྒྱག་པའི་གནས་ཚུལ་ཐད་འདྲ་མཉམ་མིན་པ་དང་དོ་མི་མཉམ་པའི་སྣང་ཚུལ་ཚབས་ཆེན་གནས་ཡོད། རྒྱལ་ཁབ་བཅུའི་འགོག་སྨན་རྒྱག་པའི་ཚད་དེས་འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་དོན་ལྔ་ཟིན་ཡོད་པ་དང་། རྒྱལ་ཁབ་བརྒྱ་དང་སུམ་ཅུ་ལྷག་ནས་ད་ལྟའི་བར་འགོག་སྨན་རྒྱག་པའི་བྱ་བ་མགོ་རྩོམ་ཐུབ་མེད་ཟེར། 

ཁོས་བཤད་རྒྱུར། གལ་ཏེ་པྲོག་གསར་ནད་དུག་མུ་མཐུད་དུ་དར་རྒྱས་མིན་པའི་ས་ཁུལ་དུ་རྒྱ་ཡན་ལ་སོང་ན། ནད་དུག་དེ་གཤིས་འགྱུར་འབྱུང་སྲིད་པ་དང་། སྔར་ལས་འགོ་སླ་བ་དང་ཚེ་སྲོག་ལ་གནོད་པ་ཆེ་བ། མིག་སྔའི་འགོག་སྨན་ནུས་མེད་དུ་འགྲོ་བའི་ནད་དུག་གསར་བ་འབྱུང་ཡང་སྲིད། གནས་ཚུལ་འདི་འདྲའི་འོག་རིམས་ནད་ཀྱི་ནད་ཡུན་ཇེ་རིང་དུ་འགྲོ་སྲིད་པ་དང་། དར་རྒྱས་ཆེ་བའི་ས་ཁུལ་ལའང་ཡང་བསྐྱར་ཤུགས་རྐྱེན་ཐེབས་སྲིད་ལ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའང་ཇེ་དལ་དུ་འགྲོ་སྲིད་ཟེར། ཁོས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ན། འགོག་སྨན་འདང་ཚིམས་པར་འདོན་སྤྲོད་དང་འདྲ་མཉམ་གྱིས་བགོ་བཤའ་བྱེད་པར་འགན་སྲུང་བྱེད་ཐུབ་པ་དང་། འགོག་སྨན་ལ་ཡིད་ཆེས་སྐྱེས་ཐུབ་པར་མ་ཟད་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།