ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས།

  རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅུ་བདུན་ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས། དེ་ནི་པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ནེ་ཐཱ་ནི་ཡཱ་ཧུའུ་དང་ཁ་པར་གྲོས་མོལ་བྱས་པ་རེད། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། པེད་ཏིན་གྱིས་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁོས་ནམ་རྒྱུན་དབྱི་སི་རལ་བདེ་འཇགས་ཐད་བཅངས་པའི་དམ་བཅའ་བརྟན་པོ་གསལ་བོར་བསྟན་པ་དང་། མུ་མཐུད་དུ་འགོག་སྲུང་མཉམ་ལས་དང་བཅས་པའི་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གྲོགས་པོའི་འབྲེལ་བ་སྲ་བརྟན་དུ་གཏོང་རྒྱུའི་ཚུལ་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་བདེ་འཇགས་གནད་དོན་ཐད་ནས་མུ་མཐུད་དུ་གྲོས་མོལ་ཞིབ་རྒྱས་བྱེད་པའི་གལ་ཆེན་རང་བཞིན་ལ་གྲོས་བསྡུར་བྱས། པེད་ཏིན་གྱིས་ཨ་མེ་རི་ཁས་དབྱི་སི་རལ་གྱིས་ཉེ་སྔོན་ཨ་རབ་རྒྱལ་ཁབ་དང་དབྱི་སི་རལ་རྒྱལ་ཁབ་སྐོར་ཞིག་གི་བར་གྱི་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་བྱུང་བར་རྒྱབ་སྐྱོར་བྱེད་བཞིན་པ་ནན་བཤད་བྱས་པར་མ་ཟད། ཧུར་ཐག་སྒོས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་འདུས་པའི་ས་ཁུལ་ཧྲིལ་བོའི་ཞི་བདེ་ལ་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་ནན་གྱིས་བསྟན། ཕྱོགས་གཉིས་ཀྱིས་ད་རུང་བསྟན་དོན། མུ་མཐུད་དུ་འཐབ་ཇུས་མཉམ་ལས་སྲུང་འཛིན་བྱས་ཏེ་ས་ཁུལ་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

གཞན་ཡང་དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་དང་པེད་ཏིན་གྱིས་ཕལ་ཆེར་དུས་ཚོད་གཅིག་ཙམ་ལ་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནད་དོན་ལས་གཞན། ཕྱོགས་གཉིས་ཀྱིས་ད་རུང་པྲོག་གསར་གློ་ཚད་རིམས་ནད་ཇི་ལྟར་འགོག་བཅོས་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།