སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་གྱིས་སི་རི་ཡཱའི་མི་དམངས་གཙོ་བྱས་པའི་ཆབ་སྲིད་གྲོས་མོལ་ལ་རྒྱབ་སྐྱོར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་སྐོར་ཐེངས་བཅོ་ལྔ་བའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་དེ་ཚེས་བཅུ་བདུན་ཉིན་ཨུ་རུ་སིའི་སོ་ཆི་གྲོང་ཁྱེར་ནས་མཇུག་སྒྲིལ། གྲོས་མོལ་གྲོལ་རྗེས་ཀྱི་མཉམ་འབྲེལ་གསལ་སྒྲོག་ལས་བསྟན་དོན། དབྱི་ལིང་དང་ཨུ་རུ་སི། ཐུར་ཁེ་བཅས་ཀྱིས་སི་རི་ཡཱའི་བདག་དབང་དང་རང་བཙན། གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། སི་རི་ཡཱའི་མི་དམངས་གཙོ་བྱས་པའི་ཆབ་སྲིད་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས་སོ་སོར་འཐུས་ཚབ་ཚོགས་པ་མངག་ནས་གྲོས་མོལ་ལ་ཞུགས། ཅོར་ཏན་དང་དབྱི་རག ལེ་པཱ་ནུན་བཅས་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གི་འཐུས་མི་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་ཚོགས་པ་ལྟ་ཞིབ་པའི་ཐོབ་ཐང་གིས་གྲོས་མོལ་ལ་ཞུགས་ཡོད། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བདུན་ཉིན་གྲོས་མོལ་གྱི་མཉམ་འབྲེལ་གསལ་སྒྲོག་ཁྱབ་བསྒྲགས་བྱས། གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་འཁྲུག་རྩོད་ལ་དམག་དོན་གྱི་ཐག་གཅོད་བྱེད་ཐབས་མེད་ཅིང་། ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཕྱོགས་གསུམ་ནི་ཨ་སི་ཐཱ་ནཱའི་འཕེལ་རིམ་གྱི་འགན་སྲུང་རྒྱལ་ཁབ་ཡིན་པའི་ཆ་ནས་སི་རི་ཡཱའི་བདག་དབང་དང་རང་བཙན། གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས་ལ་མཐའ་གཅིག་ཏུ་ཆམ་ཕབ་གཏོང་ངེས་ཡིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞིར་བརྩི་སྲུང་བྱས་པའི་ཆ་རྐྱེན་འོག སི་རི་ཡཱའི་མི་དམངས་གཙོ་བྱས་པའི་རྒྱལ་ཁབ་དེའི་ཆབ་སྲིད་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། གསལ་སྒྲོག་ལས་ད་རུང་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ནུས་པ་གལ་ཆེན་ནན་བཤད་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གསུམ་གྱིས་གྲོས་མོལ་བྱེད་སྐབས་དབྱི་ཏི་ལེ་པུའུ་ཡི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་གྱི་གནས་བབ་གཏན་འཇགས་ལ་འགན་སྲུང་བྱེད་དགོས་པ་ནན་བཤད་བྱས། དེའི་ཞོར་དུ་སི་རི་ཡཱའི་བྱང་ཤར་ས་ཁུལ་གྱི་གནས་བབ་ཀྱི་དུས་ཡུན་རིང་བོའི་བདེ་འཇགས་དང་གཏན་འཇགས་དེ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་འགན་སྲུང་བྱེད་པའི་རྨང་གཞིའི་སྟེང་ད་གཟོད་མངོན་འགྱུར་བྱེད་ཐུབ་པར་བསམ་ཡོད་ལ། མིག་སྔའི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་དེའི་ཡུལ་གྱར་བ་ཕྱིར་ལོག་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཟེར། གསལ་སྒྲོག་ལས་དབྱི་སི་རལ་གྱིས་སི་རི་ཡཱ་ལ་དམག་དོན་དཔུང་འཇུག་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་དང་པྲོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན། 

གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་གྲོས་མོལ་བྱས་ཏེ། སྐོར་ཐེངས་རྗེས་མའི་སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་དེ་ད་ལོའི་ལོ་དཀྱིལ་དུ་ཧཱ་སག་སི་ཐན་གྱི་རྒྱལ་ས་ནོའུ་ཨར་སུའུ་ཏན་ནས་སྤེལ་རྒྱུ་ཐག་བཅད། 

སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་གྲོས་མོལ་དེ་ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོར་སྤེལ་བ་དང་། དམིགས་ཡུལ་གཙོ་བོ་ནི་སི་རི་ཡཱའི་མངའ་ཁོངས་ཀྱི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་འཁྲུག་རྩོད་མཚམས་འཇོག་པ་དང་མཉམ་ལས་བྱས་ཏེ་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་སྐུལ་འདེད་གཏོང་བ་དང་། སི་རི་ཡཱའི་རྒྱལ་ནང་གི་ཆབ་སྲིད་གནད་དོན་གལ་ཆེན་ཐད་ཐུན་མོང་གི་ལྟ་ཚུལ་འགོད་དགོས་པར་མ་ཟད། སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་པའི་ཆེད་དུ་རེད། ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།