ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ཞེ་ཀི་ལཱ་ཏི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ནས་པྲོག་གསར་གློ་ཚད་རིམས་ནད་སོགས་གནད་དོན་དམིགས་སུ་བཟུང་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་དང་ཧང་ག་རི། ཅེ་ཁི། སི་ལོ་ཝ་ཁི་བཅས་ཀྱིས་གྲུབ་པའི་ཝེ་ཞེ་ཀི་ལཱ་ཏི་སྡེ་ཚོགས་ཀྱིས་ཚེས་བཅུ་བདུན་ཉིན་མཐོ་རིམ་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་གཙོ་བོ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

མཐོ་རིམ་གྲོས་ཚོགས་དེ་ཕོ་ལན་ལྷོ་ཕྱོགས་ཀྱི་ཁི་ལཱ་ཁི་ཧྥུའུ་གྲོང་ཁྱེར་ནས་སྤེལ། ཝེ་ཞེ་ཀི་ལཱ་ཏི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཕོ་ལན་གྱི་ཙུང་ལི་མའོ་ལཱ་ཝེ་ཚི་ཅི་དང་ཅེ་ཁིའི་ཙུང་ལི་པཱ་པུས་ཧྲི། ཧང་ག་རིའི་ཙུང་ལི་ཨིག་ཨར་པན། སི་ལོ་ཝ་ཁིའི་ཙུང་ལི་མཱ་ཐའོ་ཝེ་ཆི། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་བཅས་གྲོས་ཚོགས་ལ་ཞུགས། 

མའོ་ལཱ་ཝེ་ཚི་ཅི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁི་ལཱ་ཁི་ཧྥུའུ་ཡི་ཝ་ཝེ་ཨར་ཕོ་བྲང་ནས་སྤེལ་བའི་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱིས་སྡེ་ཚོགས་དེའི་ལོ་ངོ་སུམ་ཅུའི་ལོ་རྒྱུས་མཚོན་ཡོད་པ་དང་། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འདས་པའི་ལོ་ལྔའི་མཉམ་ལས་དེ་སྔར་ལས་དམ་ཟབ་ཡིན་པ་མཚོན་ཡོད། མཉམ་ལས་རྐྱེན་སྲོག་རེ་རེས་མཐུན་སྒྲིལ་དང་འགན་ཁུར་ལ་བརྟེན་ནས་མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པའི་འཆར་གཞི་སོགས་ཆེས་དཀའ་སྡུག་ཆེ་བའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར། 

ཁོས་བསྟན་དོན། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་ཇི་ལྟར་འགོག་སྨན་གྱི་ཐོན་སྐྱེད་དང་འགོག་སྨན་བརྒྱག་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་དང་འཚོ་བ་མགྱོགས་མྱུར་ངང་སླར་གསོ་འབྱུང་བའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

མུས་ཞེ་ཨར་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཚབས་ཆེན་ཞིག་ཡིན་པ་དང་། འགོག་སྨན་གྱི་ཐོན་ཚད་ཇེ་མང་དུ་བཏང་ནས་འགོག་སྨན་མྱུར་དུ་ཁོངས་གཏོགས་རྒྱལ་ཁབ་སོ་སོར་བགོ་བཤའ་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཡིན། མཉམ་ལས་ནི་རིམས་ནད་ལས་རྣམ་པར་རྒྱལ་བ་དང་ཐོན་སྐྱེད་འཚོ་བ་སླར་གསོ་བྱེད་པའི་གནད་འགག་ཡིན་ཟེར། ཁོས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཤར་ཕྱོགས་གྲོགས་པོའི་འཆར་གཞི་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།