ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་སུ་མེ་ཤུགས་འཕུར་མའི་འཇབ་རྒོལ་ཐེབས་ཏེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱད་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་གཙོ་བོ་ཨེ་ཨར་པིས་ལི་རུ་ཚེས་བཅོ་ལྔ་ཉིན་མེ་ཤུགས་འཕུར་མདའ་འགའི་འཇབ་རྒོལ་ཐེབས། ཨ་མེ་རི་ཁའི་དམག་གིས་གཙོ་ཁྲིད་བྱས་པའི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་བྱེད་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་སྒར་སའི་ཉེ་འདབས་ལ་མེ་ཤུགས་འཕུར་མདའ་ཕོག་སྟེ། རྒྱལ་སྤྱིའི་མནའ་འབྲེལ་གྱི་འགན་སྒྲུབ་ཚོང་ལས་མི་སྣ་ཞིག་རྐྱེན་ལམ་དུ་ཤོར་་དང་། ཉུང་མཐར་ཡང་མི་བརྒྱད་ལ་རྨས་ཕོག

ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་ནང་སྲིད་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨེ་ཨར་པིས་ལི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་སུ་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ཉུང་མཐར་ཡང་མིང་ལ་ཁཱ་ཆུག་ཧྲ་ཞེས་པའི་མེ་ཤུགས་འཕུར་མདའ་གསུམ་གྱི་འཇབ་རྒོལ་ཐེབས་པ་དང་། མེ་ཤུགས་འཕུར་མདའ་དེ་དག་ཨེ་ཨར་པིས་ལི་ཞིང་ཆེན་གྱི་ལྷོ་ཕྱོགས་ས་ཁུལ་ཕྱོགས་ནས་འཕངས་པ་ཡིན་ལ། དེའི་ནང་གི་གཅིག་གནམ་གྲུ་ཐང་གི་ཕྱི་རོལ་གྱི་སྡོད་དམངས་ཁུལ་གྱི་ཉེ་འདབས་སུ་ཕོག་ནས། མི་སེར་གཉིས་རྨས་ཟེར།

རྒྱལ་སྤྱིའི་མནའ་འབྲེལ་གྱིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཐོག་མའི་སྙན་ཞུ་ལྟར་ན། འཇབ་རྒོལ་དེའི་ཁྲོད་ནས་རྒྱལ་སྤྱིའི་མནའ་འབྲེལ་གྱི་འགན་སྒྲུབ་ཚོང་ལས་མི་སྣ་ཞིག་རྐྱེན་ལམ་དུ་ཤོར་བ་དང་། འགན་སྒྲུབ་ཚོང་ལས་མི་སྣ་ལྔ་དང་ཨ་མེ་རི་ཁའི་དམག་དཔུང་གི་མི་སྣ་ཞིག་ལ་རྨས་ཕོག་ཟེར།

ཨེ་ཨར་པིས་ལི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་ཀྱི་དམག་དོན་རྟེན་གཞི་རུ་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་དང་འགན་སྒྲུབ་ཚོང་ལས་མི་སྣ་བསྡད་ཡོད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་གྱིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས། འཇབ་རྒོལ་ལས་འགན་སྒྲུབ་ཚོང་ལས་མི་སྣ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་འགའ་ལ་རྨས་ཕོག་ཡོད་ཟེར། པུའུ་ལིན་ཁིན་གྱིས་བཤད་རྒྱུར། ཁོས་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་ཙུང་ལི་པ་ཨར་ཀྲ་ཉི་ལ་འཇབ་རྒོལ་དོན་རྐྱེན་དེའི་སྐོར་ནས་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁས་དོན་རྐྱེན་དེའི་བརྟག་དཔྱད་བྱ་བ་ཡོད་ཚད་དང་དོན་རྐྱེན་སློང་མཁན་གྱི་འགན་འཁྲི་རྩད་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅས་ཡོད་ཟེར།

ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་རྩ་འཛུགས་ཟུངས་ཁྲག་སྲུང་སྐྱོབ་དམག་དཔུང་ཞེས་པ་དེས་འཇབ་རྒོལ་དོན་རྐྱེན་དེ་ཁོ་ཚོས་བཟོས་པ་ཡིན་ཞེས་བསྒྲགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།