ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀུན་ཧྲོང་གིས་ཚེས་བཅུ་དྲུག་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབྱི་རག་གནད་དོན་སྐོར་གྱི་བརྙན་རིས་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་དབྱི་རག་ལ་རོགས་རམ་བྱེད་རྒྱུའི་འབོད་སྐུལ་བཏང་།
ཁོས་བཤད་རྒྱུར། དེང་སྐབས་དབྱི་རག་གི་ཆབ་སྲིད་འཕེལ་རིམ་དེ་གནད་འགག་གི་སྐབས་སུ་གནས་པ་དང་། བདེ་འཇགས་ཁོར་ཡུག་རྙོག་འཛིང་ཆེ་ཞིང་། དཔལ་འབྱོར་དང་མི་ཆོས་གནས་བབ་ཚབས་ཆེན་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་མི་དམངས་ཀྱི་འདོད་བློར་བརྩི་བཀུར་གང་ལེགས་བྱེད་པ་དང་། དབྱི་རག་སྲིད་གཞུང་གིས་ཕྱི་ནང་གི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འོས་འཚམ་འཇལ་བར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་འོས་ཏེ། གཅིག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་གི་ཆབ་སྲིད་འཕེལ་རིམ་དང་མི་རིགས་འགྲིག་མཐུན་ཐད་སྣང་ཚུལ་བཟང་བོ་བསྐྲུན་འོས། འདེམ་བསྐོ་ཆེན་མོ་ནི་ད་ལོའི་དབྱི་རག་རྒྱལ་ནང་གི་ཆེས་གལ་ཆེ་བའི་ཆབ་སྲིད་འཕེལ་རིམ་ཡིན་ལ། དབྱི་རག་གི་བར་བརྒལ་ཚུལ་སྒྱུར་གྱི་གོམ་སྟབས་གལ་ཆེན་ཞིག་ཀྱང་ཡིན་པས། འདེམ་བསྐོ་ཆེན་མོ་གཏན་འཇགས་དང་བདེ་བླག་ངང་སྤེལ་རྒྱུའི་རེ་བ་ཧ་ཅང་ཆེ། དབྱི་རག་ཕྱོགས་ཀྱིས་ཉེ་སྔོན་འདེམ་བསྐོའི་རོགས་རམ་གྱི་གནད་དོན་སྐོར་ནས་ཡང་བསྐྱར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་ལ་འཕྲིན་ཡིག་བསྐུར་འདུག བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདེམ་བསྐོ་རོགས་སྐྱོར་ལག་ལེན་ལ་ཟུང་སྦྲེལ་བྱས་ཏེ། ཆབ་སྲིད་དང་བདེ་འཇགས། བཅའ་ཁྲིམས། སྔོན་རྩིས་སོགས་ཕྱོགས་སོ་སོའི་རྒྱུ་རྐྱེན་ལ་གཅིག་གྱུར་གྱིས་བསམ་གཞིགས་བཏང་སྟེ། དབྱི་རག་ཕྱོགས་ཀྱི་རེ་འདོད་ལ་ཞིབ་འཇུག་དང་གྲོས་སྡུར་ནན་མོ་བྱེད་འོས། དབྱི་རག་རྒྱལ་ནང་གི་ཕྱོགས་སོ་སོས་མཐུན་སྒྲིལ་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། དཀྱེལ་ཡངས་འགྲིག་མཐུན་མངོན་འགྱུར་བྱེད་པ། མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་ནི་དབྱི་རག་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་ཡང་ཕན་པ་ཡོད། ཀྲུང་གོས་དབྱི་རག་གི་ཀྲུང་དབྱང་སྲིད་གཞུང་དང་ཁུའུ་ཨར་ཏི་ས་ཁུལ་སྲིད་གཞུང་གིས་འབྲེལ་བ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཡོང་སྒོ་བགོ་བཤའ་དང་སྔོན་རྩིས་སྟེར་བ་སོགས་ཀྱི་ཐད་ནས་མུ་མཐུད་གྲོས་མོལ་བྱས་ཏེ། རྒྱུན་སྲིང་གི་ཐག་གཅོད་བྱེད་ཐབས་ཤིག་མཉམ་དུ་འཚོལ་བར་རྒྱབ་སྐྱོར་བྱེད་པ་ཡིན། གཉིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་གིས་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྣང་ལ་ཁ་གཏད་འཇལ་བར་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་སོགས་འཇིགས་སྐུལ་རྩ་འཛུགས་ཀྱི་ལྷག་འཕྲོར་རྒོལ་རྡུང་བྱེད་པ་དང་། དབྱི་རག་ལ་རམ་འདེགས་ཀྱིས་ཕྱི་རྒྱལ་གྱི་འཇིགས་སྐུལ་འཇབ་རྒོལ་མི་སྣའི་གནད་དོན་ཐག་གཅོད་བཟང་བོ་བྱས་ནས། ཐོབ་པར་དཀའ་བའི་འཇིགས་སྐུལ་ངོ་རྒོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་འོས། དབྱི་རག་གིས་འཇིགས་སྐུལ་མི་སྣའི་འགན་འཁྲི་རྩད་གཅོད་བྱེད་པར་རྒྱབ་སྐྱོར་གང་ལེགས་བྱེད་པ་དང་། དབྱི་རག་གི་ཁྲིམས་འཛིན་བདག་དབང་ལ་བརྩི་བཀུར་གང་ལེགས་བྱས་ཏེ། འཇིགས་སྐུལ་གནད་དོན་གྱི་ཐད་ནས་ཚད་གཞི་གཉིས་ལག་བསྟར་བྱེད་པར་གཏན་འགོག་བྱེད་དགོས། ཀྲུང་གོས་དབྱི་རག་གིས་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་གཉིས་ཕན་མཛའ་མཐུན་འབྲེལ་བ་གོང་འཕེལ་དུ་བཏང་བར་གཟེངས་བསྟོད་བྱེད་བཞིན་ཡོད། གསུམ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་གིས་རིམས་ནད་འགོག་པར་རོགས་རམ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་སྒྱུར་བྱེད་འོས། འདས་པའི་དུས་རིམ་ཤིག་ལ། རྒྱལ་སྤྱིའི་སྣུམ་གོང་དམའ་བ་དང་། པྲོག་གསར་གློ་ཚད་མཆེད་པ་སོགས་ཀྱི་རྒྱུ་རྐྱེན་སྣ་མང་གིས་དབྱི་རག་གི་བསྐྱར་འཛུགས་དང་འཕེལ་རྒྱས་ལ་འགྲན་ཆེན་པོ་བསླངས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམ་བཅའ་དངོས་སུ་ལག་བསྟར་བྱས་ཏེ། མུ་མཐུད་དུ་དབྱི་རག་ལ་རོགས་རམ་བྱེད་པ་དང་། དེས་གནད་འགག་གི་རྨང་གཞིའི་སྒྲིག་ཆས་བསྐྱར་འཛུགས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་སྣེ་མང་ཅན་དུ་འཕེལ་བར་ཡར་སྐུལ་བྱེད་པ་དང་། སྤྱི་ཐུན་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་སྟེ། གཞིས་ཁྱིམ་ཤོར་མཁན་སོགས་ཉམ་ཐག་གི་ཚོགས་པའི་གནས་བབ་ཇེ་ལེགས་སུ་གཏོང་དགོས་ཟེར།
ཁོས་བཤད་རྒྱུར། ལོ་མང་བོར་ཀྲུང་གོས་དངོས་གཉེར་མཉམ་ལས་རྣམ་པ་སྣ་ཚོགས་བརྒྱུད་དེ་དབྱི་རག་གི་བསྐྱར་འཛུགས་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོས་དེ་མ་ཐག་ཏུ་རིམས་འགོག་ཆེད་མཁས་ཚན་ཆང་མངགས་ནས། དབྱི་རག་གི་སྨན་བཅོས་མི་སྣ་གསོ་སྦྱོང་བྱས་པ་དང་། ཉིང་སྐྱུར་བརྟག་བཤེར་ཚད་ལྟ་ཁང་རོགས་འཛུགས་བྱས་ལ། རིམས་འགོག་དངོས་རྫས་ཞལ་འདེབས་སུ་ཕུལ། ད་ལོའི་ཟླ་དང་པོའི་དཀྱིལ་དུ་ཀྲུང་གོས་དབྱི་རག་ལ་མྱུར་སྐྱོབ་རླངས་འཁོར་དང་གློག་འདོན་འཕྲུལ་ཆས་སོགས་མི་ཆོས་རོགས་སྐྱོར་དངོས་རྫས་བྱིན་ཡོད་ལ། མི་འགྱངས་པར་དབྱི་རག་ལ་རིན་མ་བླངས་པར་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་སྟེར་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། དབྱི་རག་སྲིད་གཞུང་དང་མི་དམངས་ཀྱིས་དཀའ་ངལ་གྱི་འགྲན་སློང་ལ་ཁ་གཏད་འཇ་ནས། ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་སྔ་མོ་ནས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར། །