ཀྲུང་གོ་བོད་ཀྱི་དྲ་བ།

པད་ཏིན་གྱིས་ཨ་མེ་རི་ཁས་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་དུང་ཕྱུར་གཉིས་ཡང་བསྐྱར་ཉོས་ཡོད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། སྲིད་གཞུང་གིས་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་དུང་ཕྱུར་གཉིས་ཡང་བསྐྱར་ཉོས་ཡོད་མོད། ཡིན་ནའང་སྐབས་སྔོན་མའི་སྲིད་གཞུང་གིས་འགན་ཁུར་ནས་བསྒྲུབ་པའི་འགོག་ཁབ་བརྒྱབ་པའི་བྱ་བ་དེ་ང་ཚོའི་བསམ་ཚོད་ལས་ཀྱང་སྡུག་ཟེར།

པད་ཏིན་གྱིས་ཉིན་དེར་མཱ་ལེ་ལན་མངའ་སྡེའི་པེ་སའེ་སི་ཏ་ས་ཆ་རུ་ཡོད་པའི་རྒྱལ་ཁབ་འཕྲོད་བསྟེན་ཞིབ་འཇུག་ཁང་དུ་གཟིགས་ཞིབ་བྱེད་སྐབས། ཡང་བསྐྱར་མང་ཚོགས་ཀྱིས་ཁ་ཐུམ་རྒྱག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཨ་མེ་རི་ཁ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཕོག་ནས་རྐྱེན་ལམ་ཤོར་བའི་མི་གྲངས་ཟླ་རྗེས་མར་འབུམ་ལྔ་ལས་བརྒལ་སྲིད་པའི་ཉེན་བརྡ་བཏང་།

ཁོས་བཤད་རྒྱུར། སྲིད་གཞུང་གིས་ཨ་མེ་རི་ཁའི་མཱོ་ཏི་ན་ཀུང་ཟི་དང་ཨ་མེ་རི་ཁའི་ཁང་རོས་སྨན་བཟོ་ཚད་ཡོད་ཀུང་ཟི་ལ་གན་རྒྱ་བཀོད་དེ། གོང་གི་ཁེ་ལས་གཉིས་ནས་སོ་སོར་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་དུང་ཕྱུར་གཅིག་རེ་ཡང་བསྐྱར་ཉོས་ཡོད་ཟེར།

ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྲིད་གཞུང་གིས་དེ་སྔོན་འགོག་ཁབ་དུང་ཕྱུར་བཞི་ཉོས་པ་དང་། དེའི་ཁར་གསར་དུ་བསྣན་པའི་འགོག་ཁབ་དུང་ཕྱུར་གཉིས་བསྣན་ཚེ། ཚོད་དཔག་བྱས་ན་རྒྱལ་ཡོངས་ཀྱི་མི་དུང་ཕྱུར་གསུམ་ཙམ་ལ་མི་རེར་འགོག་ཁབ་ཐེངས་གཉིས་རེར་བརྒྱབ་ཆོག་ཟེར།

པད་ཏིན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་ཡོངས་ཀྱི་འགོག་ཁབ་འདོན་སྤྲོད་ཀྱི་གནས་ཚུལ་སྐོར་ནས། ཁོའི་ཚོགས་པ་དབང་ཆ་བར་བརྒལ་དུས་སྐབས་སུ་སྐབས་སྔོན་མའི་སྲིད་གཞུང་གིས་ལམ་ལོག་ཏུ་ཁྲིད་པ་རེད། ཚན་རིག་པ་རྣམས་ཀྱིས་རང་འགན་རང་ཁུར་དང་དུས་ཚོད་དམ་འཛིན་གྱིས་འགོག་ཁབ་བཙལ་སྐབས། ངའི་སྔོན་གྱི་མགོ་ཁྲིད་པ་སྟེ་ཐི་ལང་ཕུའུ་ཡིས་རང་གི་བྱ་བ་ལེགས་པོར་བསྒྲུབས་ཐུབ་མེད་ཟེར།

དམངས་གཙོ་ཏང་གི་ཁོངས་མི་ཡིན་པའི་ཙུང་ཐུང་འདིའི་བཤད་ཚུལ་ལྟར་ན། ཁོའི་སྔོན་གྱི་མགོ་ཁྲིད་དེ་སྤྱི་མཐུན་ཏང་གི་ཁོངས་མི་ཡིན་པའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་མང་ཚོགས་ཁྲི་ཕྲག་མང་བོར་འགོག་ཁབ་རྒྱག་པའི་འགྲན་རྩོད་ཆེན་པོ་གདོང་གཏད་མེད་པར་མ་ཟད། འགོག་ཁབ་འདང་ངེས་པ་ཞིག་ཉོས་མེད་པ་དང་མང་ཚོགས་ལ་འགོག་ཁབ་རྒྱག་པར་ཡང་བཀོད་སྒྲིག་ལུགས་མཐུན་བྱས་མེད་ཟེར།

ཡིན་ནའང་པད་ཏིན་གྱི་བཤད་ཚུལ་དེར་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཟུར་པ་པུའུ་ལའེ་ཨིན་མཱོ་ཀིན་སི་ཏུན་གྱི་ངོ་རྒོལ་ཐེབས། མཱོ་ཀིན་སི་ཏུན་གྱིས་ཚེས་བཅུ་གཅིག་ཉིན་སྨྱན་ལམ་གྱི་གསར་འགོད་པར་བཤད་རྒྱུར། ཐི་ལང་ཕུའུ་སྲིད་གཞུང་གིས་སྔོན་ནས་བཟུང་འགོག་ཁབ་རྒྱག་པའི་འཆར་གཞི་གཏན་ཁེལ་བྱས་ཡོད་པ་དང་། ཆེད་ལས་མི་སྣ་མང་བོས་སྔར་བཞིན་སྲིད་གཞུང་གསར་པའི་ནང་དུ་བྱ་བ་སྒྲུབ་བཞིན་ཡོད་ཟེར།

ཨ་མེ་རི་ཁ་ནི་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་གནས་ཚུལ་ཆེས་ཚབས་ཆེ་བའི་རྒྱལ་ཁབ་རེད། ཨ་མེ་རི་ཁའི་རིམས་ནད་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པའི་གྲངས་ཀ་ལྟར་ན། ཨ་མེ་རི་ཁའི་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཕོག་པར་ངོས་བཟུང་བའི་ནད་པ་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་གཅིག་ཁྲི་གཉིས་སྟོང་བདུན་ལ་སླེབས་པ་དང་། བསྡོམས་པས་ནད་པ་འབུམ་བཞི་དང་ཁྲི་བདུན་ལྷག་ཚེ་ལས་འདས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།