ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་ཐག་གཅོད་ཀྱང་སྲིད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨུ་རུ་སིའི་སྨྱན་ལམ་གྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱས་པ་ལས་ཨུ་རུ་སིའི་དཔལ་འབྱོར་ལ་ཉེན་ཁ་བྱུང་ཚེ། ཨུ་རུ་སིས་ཡོ་རོབ་གླིང་མནའ་འབྲེལ་བར་དུ་འབྲེལ་ཐག་གཅོད་ཀྱང་སྲིད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་སྨྱན་ལམ་གྱི་བཅར་འདྲ་དང་ལེན་བྱེད་སྐབས་བཤད་རྒྱུར། ང་ཚོ་འཛམ་གླིང་གི་འཚོ་བ་དང་ཁ་འབྲལ་མི་འདོད་མོད། ཡིན་ནའང་ང་ཚོས་དེའི་ཐད་ནས་ངེས་པར་དུ་གྲ་སྒྲིག་བྱེད་དགོས། གལ་ཏེ་ཞི་ཞིང་བདེ་བར་འདོད་ན། དམག་འཁྲུག་གི་གྲ་སྒྲིག་བཟང་བོ་ཞིག་ཀྱང་དགོས་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ལྔ་ཉིན་སུའེ་ཏེན་དང་ཕོ་ལན། འཇར་མན་བཅས་ཀྱི་ཨུ་རུ་སི་རུ་སྡོད་པའི་ཕྱི་འབྲེལ་ལས་ཁུངས་ཀྱི་མི་ཁ་ཤས་ནི་དགའ་བསུ་མི་བྱེད་པའི་མི་ཡིན་ཞེས་བསྒྲགས་པ་དང་། ཁོ་ཚོ་མི་འགྱངས་པར་ཨུ་རུ་སིའི་མངའ་ཁོངས་ལས་འབྲལ་དགོས་པའི་རེ་བ་བཏོན། དེའི་རྒྱུ་མཚན་ནི་ཁོ་ཚོ་དཔོན་ཕྱོགས་ཀྱི་ཆོག་མཆན་མ་ཐོབ་པར་ཨུ་རུ་སིའི་ངོ་རྒོལ་ཕྱོགས་ཁག་གི་མི་སྣ་ནཱ་ཝ་ལེ་ནེ་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་འདུ་ཚོགས་ལ་ཞུགས་པའི་རྐྱེན་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པོ་ལེ་ལི་ཡིས་ཟླ་འདིའི་ཚེས་བཞི་ཉིན་ནས་ཚེས་དྲུག་ཉིན་བར་ཨུ་རུ་སི་ལ་འཚམས་འདྲི་བྱས། ཁོ་ཕྱིར་ཡོ་རོབ་གླིང་མནའ་འབྲེལ་དུ་ལོག་རྗེས་སྨྱན་སྦྱོར་ལས་གཏམ་བཤད་དེ། ཨུ་རུ་སི་ཕྱོགས་ཀྱིས་ཁོས་འཚམས་འདྲི་བྱེད་པའི་སྐབས་སུ་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་དཔོན་པོ་ཕྱིར་བདའ་བ་དེས་ཨུ་རུ་སིས་ཡོ་རོབ་གླིང་མནའ་འབྲེལ་བར་དུ་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་བྱེད་པའི་གོ་སྐབས་དམ་འཛིན་བྱེད་མི་བསམ་པ་མཚོན་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་ཇུས་གཞི་གཏན་ཁེལ་བྱས་ཏེ་ཨུ་རུ་སི་ལ་དེའི་མཇུག་འབྲས་མྱོང་དུ་འཇུག་དགོས་ལ། བཀག་སྡོམ་བྱེད་ཚད་ཚབས་ཇེ་ཆེར་གཏོང་ཡང་སྲིད་ཟེར།

ན་ནིང་བྱང་ཆིངས་དང་ཡོ་རོབ་གླིང་མནའ་འབྲེལ། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱི་སྲིད་གཞུང་བཅས་ཀྱིས་ཨུ་རུ་སིས་ནཱ་ཝ་ལེ་ནེ་ལ་དབང་རྩའི་དུག་སྨན་བཀོལ་བར་སྐྱོན་བརྗོད་བྱས་མོད། ཡིན་ནའང་ཨུ་རུ་སི་ཕྱོགས་ཀྱིས་དེ་རྩ་བ་ནས་ཁས་མ་བླངས་པར་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དོན་དག་དེ་ཆབ་སྲིད་ཅན་དུ་མི་གཏོང་རྒྱུའི་འབོད་སྐུལ་བཏང་། ན་ནིང་གི་ཟླ་བཅུ་བར་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ནཱ་ཝེ་ལི་ནེ་ལྐོག་གསོད་བྱེད་པར་ཞུགས་པར་དོགས་པ་ཟ་བ་རྒྱུ་མཚན་དུ་བྱས་ནས། ཨུ་རུ་སི་ཕྱོགས་ཀྱི་དཔོན་རིགས་དྲུག་དང་ཞིབ་འཇུག་ལས་ཁུངས་གཅིག་ལ་བཀག་སྡོམ་བྱས། ཨུ་རུ་སི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་བཤད་ཚུལ་དེ་ཁས་མ་བླངས་པར་མ་ཟད། གཅིག་མཚུངས་ཀྱི་རྩ་དོན་གཞིར་བཟུང་ནས་ཕྱིར་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྒྲགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།