ཀྲུང་གོ་བོད་ཀྱི་དྲ་བ།

པད་ཏིན་གྱིས་སྲིད་འགན་བཞེས་པའི་ཡུན་ལ་ཀོན་ཐཱ་ན་མའོ་བཙོན་ཁང་གི་སྒོ་རྒྱག་འཆར་འདུག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཆེན་མོ་ཀྲིན་ཕུའུ་སཱ་ཅི་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་ཁུ་པ་ཀོན་ཐཱ་ན་མའོ་མཚོ་འགག་གི་ཨ་མེ་རི་ཁའི་མཚོ་དམག་རྟེན་གཞིའི་བཀག་ཉར་ལྟེ་གནས་ཀྱི་སྒོ་རྒྱག་འཆར་ཡོད་པ་དང་། འབྲེལ་ཡོད་མི་སྣས་ལས་དོན་དེར་དཔྱད་འཇོག་བྱེད་ཀྱིན་མཆིས།

ཕོ་བྲང་དཀར་པོའི་གསར་འགོད་པའི་ཟུར་ཞུགས་ཚོགས་འདུའི་སྟེང་དུ། གསར་འགོད་པས་པད་ཏིན་གྱིས་སྲིད་འགན་བཞེས་ཡུན་མ་ལོན་པའི་སྔོན་ལ་ཀོན་ཐཱ་ན་མའོ་བཙོན་ཁང་གི་སྒོ་རྒྱག་ཐུབ་བམ་ཞེས་དྲི་བ་བཏོན་པ་ན། ཕུའུ་སཱ་ཅི་ཡིས་དེ་ནི་ང་ཚོའི་དམིགས་འབེན་དང་འཆར་གཞི་ཡིན་པར་ཐེ་ཚོམ་མེད་ཅེས་ལན་བཏབ།

ཕུའུ་སཱ་ཅི་ཡིས་གསང་བ་བརྟོལ་ནས་བཤད་རྒྱུར། སྲིད་གཞུང་གིས་ཕལ་ཆེར་གཟའ་འཁོར་གསུམ་གྱི་སྔོན་ལ་འབྲེལ་ཡོད་ལས་དོན་དངོས་སུ་སྤེལ་ཟིན་པ་དང་། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་འབྲེད་ཡོད་སྲིད་གཞུང་སྡེ་ཁག་གཞན་དག་དང་མཉམ་འབྲེལ་བྱས་ཡོད་ཅིང་། སྐབས་སྔོན་མའི་སྲིད་གཞུང་གིས་བདག་དམ་བྱས་པའི་བཙོན་ཁང་གི་གནས་སྟངས་ལ་དཔྱད་འཇོག་བྱེད་ཀྱིན་ཡོད་ཟེར།

ཉིས་སྟོང་གཅིག་ལོ་དགུ་གཅིག་གཅིག་གི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་རྗེས། སྐབས་དེའི་ཨ་མེ་རི་ཁའི་ཙུང་ཐུང་པུའུ་ཧྲི་ཡིས་ཀོན་ཐཱ་ན་མའོ་བཙོན་ཁང་བསྐྲུན་པ་དང་། བཙོན་མ་མང་དུས། འཇིགས་སྐུལ་བྱ་འགུལ་སྤེལ་མཁན་གྱི་དོགས་ཡོད་ཉེས་ཅན་བརྒྱད་བརྒྱ་ལྷག་བཀག་ཉར་བྱས་པའི་དུས་སྐབས་ཡོད་ནའང་། མིང་བཟུང་དོན་བཟུང་གིས་གྱོད་གཏུག་བྱས་པའི་གནས་ཚུལ་བྱུང་མེད།

དམག་དོན་བཙོན་ཁང་དེ་ནི་ནང་གི་བཀག་ཉར་མི་སྣ་ལ་རྡུང་རྡེག་དང་མནར་གཅོད་ཚད་མེད་གཏོང་བའི་ཐད་མིང་ངན་གང་སར་ཁྱབ་ཡོད།

དམངས་གཙོ་ཏང་ལ་གཏོགས་པའི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མས་སྲིད་འགན་བཞེས་ཡུན་ནང་བཙོན་ཁང་དེའི་སྒོ་བརྒྱབ་ནས། བྱེད་ཐབས་སྣ་མང་སྤྱད་དེ་བཀག་ཉར་མི་སྣའི་གྲངས་འབོར་ཇེ་ཉུང་དུ་གཏོང་རྒྱུའི་ཆོད་སེམས་བསྟན། གུང་ཧི་ཏང་ལ་གཏོགས་པའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཉིས་སྟོང་བཅུ་བདུན་ལོར་སྲིད་འགན་བཞེས་རྗེས། སྔོན་གྱི་བྱེད་ཐབས་ཚང་མ་རྩ་སློག་བྱས་ཏེ་བཙོན་ཁང་སོར་འཇོག་བྱས།

ཀོན་ཐཱ་ན་མའོ་བཙོན་ཁང་དུ་མིག་སྔའི་བར་འཇིག་སྐུལ་བྱེད་སྒོ་སྤེལ་མཁན་གྱི་དོགས་ཡོད་ཉེས་ཅན་བཞི་བཅུ་བཀག་ཉར་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་བཙོན་མ་རེ་འགའ་ནི་བཙོན་ཁང་བཙུགས་མ་ཐག་ནས་ད་ལྟ་ལ་ཐུག་གི་བར་དུ་བཀག་ཉར་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།