ཀྲུང་གོ་བོད་ཀྱི་དྲ་བ།

ཨིར་ལན་གྱི་ཙུང་ལིས་ཀྲུང་གོ་མི་དམངས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས་པ་དང་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨིར་ལན་རྒྱལ་ཁབ་ཀྱི་ཙུང་ལི་མཱ་ཏེན་གྱིས་ཚེས་བཅུ་གཅིག་ཉིན་ཀྲུང་གོ་མི་དམངས་དང་ཨིར་ལན་དུ་ཡོད་པའི་ཀྲུང་གོ་བ་རྣམས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས་པར་མ་ཟད། ཨིར་ལན་གྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་བཤད།

མཱ་ཏེན་དང་ཨིར་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧི་ཞང་ཏུང་གཉིས་ཉིན་དེར་མཉམ་དུ་ཅིར་ལན་གྱི་ཀྲུང་གོའི་ཚོང་ལས་མཐུན་ཚོགས་ཀྱིས་བསྡུས་པའི་ལོ་སར་བསུ་བའི་དགའ་སྟོན་ལ་ཞུགས། ཨིར་ལན་གྱི་སྲིད་གཞུང་དང་ས་གནས། ཁེ་ལས་སོགས་ལས་རིགས་སོ་སོའི་མི་ཉིས་བརྒྱ་ཙམ་དགའ་སྟོན་ལ་ཞུགས།

མཱ་ཏེན་གྱིས་ཤིས་ཚིག་འབུལ་སྐབས་ཀྲུང་གོ་མི་དམངས་དང་ཨིར་ལན་དུ་ཡོད་པའི་ཀྲུང་གོ་བ་རྣམས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཕྱོགས་ཀྱི་མཉམ་ལས་ལ་གདེང་འཇོག་གང་ལེགས་བྱས་པ་དང་། ཀྲུང་གོས་ཨིར་ལན་གྱིས་ཀྲུང་གོ་ནས་རིམས་འགོག་དངོས་རྫས་ཉོ་བར་རོགས་རབ་བྱས་པར་བཀའ་དྲིན་ཞུས། མཱ་ཏེན་གྱིས་བཤད་རྒྱུར། ཨིར་ལན་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་རིམས་འགོག་གི་ཉམས་མྱོང་ནི་ཨིར་ལན་གྱིས་རིམས་ནད་ལ་ཁ་གཏད་འཇལ་བར་ཕན་པ་ཡོད། ཨིར་ལན་དང་ཀྲུང་གོའི་དཔལ་འབྱོར་ཉོ་འཚོང་མཉམ་ལས་གོང་འཕེལ་དུ་སོང་བ་བཟང་ལ། ཨིར་ལན་གྱི་ཞིང་ལས་ཐོན་རྫས་དང་ཟས་རིགས་ལ་ཀྲུང་གོ་མི་དམངས་ཀྱི་དགའ་བསུ་ཞུ་བཞིན་ཡོད་པ་དང་། ས་གནས་ཀྱི་མཉམ་ལས་ལ་ཡང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཨིར་ལན་གྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་འཚོང་དང་ཞིང་ལས། ཟས་རིགས། སློབ་གསོ། ས་གནས། ཞི་བདེ་སྲུང་སྐྱོབ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཧི་ཞང་ཏུང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ཀྲུང་གོ་དང་ཨིར་ལན་གྱི་ལས་རིགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏན་འཇགས་ཀྱིས་གོང་དུ་འཕེལ་བ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་འཚོང་དང་དངུལ་གཏོང་མཉམ་ལས་ཀྱིས་རིམས་ནད་ཀྱི་གནོད་པ་སེལ་ནས་ཡང་བསྐྱར་ཆུ་ཚད་གསར་བར་སླེབས་ཡོད། ཕྱོགས་གཉིས་ཀྱི་ཉོ་འཚོང་གི་ཚད་ཨ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་ལ་སླེབས་ནས། ཉིས་སྟོང་བཅུ་དགུ་ལོ་ནས་བརྒྱ་ཆའི་བདུན་དང་གྲངས་ཆུང་བདུན་འཕར། ཀྲུང་གོའི་ཁེ་ལས་ཀྱིས་ཨིར་ལན་དུ་མ་དངུལ་གཏོང་ཚད་ཆེས་ཆེར་འཕར་བ་དང་། ཁྱུག་དབྱིངས་ཁོ་ནས་ཨིར་ལན་དུ་ཡོ་རོབ་གླིང་གཞི་གྲངས་ལྟེ་གནས་བཙུགས་ཏེ་ཨིར་ལན་དུ་ལས་ཞུགས་ལས་རྐང་སྟོང་གཅིག་ལྷག་བསྣན་ཡོད། ཀྲུང་གོ་དང་ཨིར་ལན་གྱི་དཔལ་འབྱོར་ཉོ་འཚོང་འབྲེལ་བས་ཁྱད་སྟོབས་གསབ་རེས་བྱས་ཆོག་པ་དང་མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེ། ཀྲུང་གོ་དང་ཡོ་རོབ་གླིང་གི་དངུལ་གཏོང་ཆོད་དོན་གྲོས་མོལ་ལེགས་པར་གྲུབ་པ་དེས་ཀྲུང་གོ་དང་ཨིར་ལན་གྱི་དཔལ་འབྱོར་ཉོ་འཚོང་མཉམ་ལས་ལ་གོ་སྐབས་གསར་བ་བྱིན་ཡོད། ཀྲུང་གོས་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་དང་ཡིད་ཆེས་ཆེར་བསྐྱེད་ཀྱིས་ལག་གདང་མཉམ་སྦྲེལ་བྱས་ཏེ་ཀྲུང་གོ་དང་ཨིར་ལན་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཡང་བསྐྱར་ཆུ་ཚད་གསར་བ་ཞིག་ཏུ་གོང་འཕེལ་ལ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།