ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་པོ་བཞིར་ཁཱ་པོར་ནས་མེ་མདའི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་གྲོང་ཁྱེར་གྱི་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཧྥ་ལཱ་མཱ་ཙི་ཡིས་ཚེས་དགུ་ཉིན་བསྟན་དོན། སྲིད་གཞུང་གི་དཔོན་རིགས་བཞི་ལ་ཉིན་དེར་ཁཱ་པོར་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་ཟེར། 

ཧྥ་ལཱ་མཱ་ཙི་ཡིས་བཤད་རྒྱུར། ས་དེའི་ཚེས་དགུ་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཉི་ཤུའི་སྟེང་། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱིས་ཁཱ་པོར་གྱི་ཉེན་ཟོན་ས་ཁུལ་ལྔ་བ་ནས་རླངས་འཁོར་ཞིག་ལ་འཇབ་རྒོལ་བྱས་ཏེ། རླངས་འཁོར་སྟེང་གི་མི་བཞི་རྐྱེན་ལམ་དུ་ཤོར། མི་བཞི་བོ་དེ་ནི་ཨ་ཧྥུའུ་ཧན་ཞིང་སྡེའི་བསྐྱར་དར་དང་འཕེལ་རྒྱས་པུའུ་ཡི་དཔོན་རིགས་ཡིན་པ་རེད་ཟེར། 

དེ་ནི་ཁཱ་པོར་ནས་ཉིན་དེར་བྱུང་བའི་དྲག་ཤུགས་དོན་རྐྱེན་ཐེངས་གཉིས་པ་ཡིན་པ་རེད། ཕལ་ཆེར་ཉིན་དེའི་དུས་ཚོད་གཅིག་འདྲའི་ནང་དྲག་ཤུགས་དོན་རྐྱེན་གཞན་ཞིག་བྱུང་། རླངས་འཁོར་ཞིག་ལ་ཁཱ་པོར་གྱི་ཉེན་ཟོན་ས་ཁུལ་བཅུ་དྲུག་པ་ནས་འཇབ་རྒོལ་ཐེབས་ཏེ། མི་གཅིག་ལ་རྨས་ཕོག་ཡོད། 

ཉེ་བའི་ཉིན་འགའི་རིང་ལ། ཁཱ་པོར་གྱི་བདེ་འཇགས་གནས་བབ་དེ་འདྲའི་བཟང་རྒྱུ་མེད་པ་དང་། འཇབ་རྒོལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།