ཀྲུང་གོ་བོད་ཀྱི་དྲ་བ།

འབར་མའི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་བར་མཛའ་མཐུན་མཉམ་ལས་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འབར་མའི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་མེན་ཨར་ལའེ་ཡིས་ཚེས་བརྒྱད་ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འབར་མའི་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་བར་མཛའ་མཐུན་མཉམ་ལས་སྤེལ་འདོད་ཡོད་ཟེར། 

མེན་ཨང་ལའེ་ཡིས་དམག་ཕྱོགས་བརྙན་འཕྲིན་ཁང་བརྒྱུད་དེ་སྤེལ་བའི་གཏམ་བཤད་ནང་དོན་དེ་ན་ནིང་གི་ཟླ་བཅུ་གཅིག་པར་སྤེལ་བའི་འདེམ་བསྐོ་ཆེན་མོ་དང་རིམས་ནད་འགོག་སྲུང་། དཔལ་འབྱོར་སླར་གསོ། རྒྱལ་ནང་གི་ཞི་བདེ་འཕེལ་རིམ། དོགས་ཟོན་རྣམ་པ་མཇུག་སྒྲིལ་རྗེས་འདེམ་བསྐོའི་བྱ་འགུལ་སྤེལ་བ་སོགས་ལ་འབྲེལ་བ་ཡོད་ཟེར། མེན་ཨང་ལའེ་ཡིས་བཤད་རྒྱུར། འབར་མ་ཡིས་མུ་མཐུད་དུ་ད་ལྟའི་ཕྱི་འབྲེལ་དང་སྲིད་འཛིན། དཔལ་འབྱོར་སྲིད་ཇུས་བཅས་ལ་སྐུལ་འདེད་བཏང་སྟེ། འབར་མ་ཕྱོགས་ཀྱི་དཔལ་འབྱོར་ཐད་ཕྱི་ཡོང་གི་དངུལ་གཏོང་མཁན་ཡོང་བར་དགའ་བསུ་ཞུ་དགོས་ཟེར། 

དེ་ནི་མེན་ཨང་ལའེ་ཡིས་ཟླ་གཉིས་པའི་ཚེས་གཅིག་ཉིན་རྒྱལ་ཁབ་ཀྱི་དབང་ཤུགས་བདག་གིར་བཟུང་རྗེས་ཐོག་དང་པོར་ཕྱི་ཕྱོགས་ལ་གཏམ་བཤད་སྤེལ་བ་རེད། འབར་མའི་དམག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ་མང་ཚོགས་ཀྱིས་རྒྱལ་ཁབ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

འབར་མའི་ས་གནས་སོ་སོར་བསྟུད་མར་ཉིན་འགའི་རིང་ལ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་བ་དང་། ངོ་རྒོལ་མཁན་གྱིས་བཀག་འཇུག་བྱས་པའི་རྒྱལ་དོན་སྲིད་འཛིན་པ་ཨང་ཧྲན་སུའུ་ཅི་ཕྱིར་གཏོང་དགོས་པའི་རེ་བ་བཏོན། 

འབར་མའི་ཙུང་ཐུང་མེན་ཝུན་དང་ཨང་ཧྲ་ཅི་སུའུ། རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་གྱི་ཆེས་མཐོའི་མགོ་ཁྲིད་པ་སྐོར་ཞིག་ཟླ་གཉིས་པའི་ཚེས་གཅིག་ཉིན་གྱི་ཞོགས་པར་དམག་ཕྱོགས་ཀྱིས་བཀག་འཇུག་བྱས། འབར་མའི་དམག་ཕྱོགས་ཀྱིས་དེའི་རྗེས་སུ་ལོ་གཅིག་གི་དུས་ཡུན་ནང་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། རྒྱལ་ཁབ་ཀྱི་དབང་ཆ་དེ་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཁང་ལ་སྤྲད་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།