ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉས་ཐོག་དང་པོར་དབྱི་ལིང་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཚེས་བདུན་ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་ཡོང་ནས་རྒྱལ་ཁབ་དེར་ཐོག་མར་འཚམས་འདྲི་བྱས་ཏེ། ཡེ་མིན་གྱི་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་ཐད་ནས་དབྱི་ལིང་གི་དཔོན་རིགས་དང་གྲོས་མོལ་བྱེད་རྒྱུ་རེད། 

དབྱི་ལིང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། ཀི་ལི་ཧྥེ་སི་ཡིས་དུས་ཡུན་ཉིན་གཉིས་རིང་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་དབྱི་ལིང་གི་དཔོན་རིགས་གཞན་པར་ཐུག་འཕྲད་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད། 

ཀི་ལི་ཧྥེ་སིའི་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། དབྱི་ལིང་གི་འགྲུལ་བཞུད་དེ་ནི་ཆབ་སྲིད་ཐབས་ལམ་ལ་བརྟེན་ནས་ཡེ་མིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་ཡིན་ཟེར། ཁོའི་མགྲིན་ཚབ་པ་ཕཱ་ལཱ་ཡིས་བཤད་རྒྱུར། ཀི་ལི་ཧྥེ་སི་ཡིས་དབྱི་ལིང་དུ་འཚམས་འདྲི་བྱེད་པར་དུས་ཚོད་ངེས་ཅན་ཞིག་ལ་འཆར་འགོད་བྱས་པ་ཡིན་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཞི་ཉིན་ལས་འགན་ཁུར་རྗེས་ཕྱི་འབྲེལ་སྲིད་ཇུས་ཀྱི་གཏམ་བཤད་ཐོག་མ་སྤེལ་ཏེ། ཨ་མེ་རི་ཁས་སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་ཡེ་མིན་གྱི་དམག་དོན་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས། དེའི་ནང་འབྲེལ་ཡོད་མཚོན་ཆའི་ཕྱིར་འཚོང་འཆར་གཞི་ཡང་འདུས་ཡོད་ཟེར། སོ་ཏི་ཨ་རབ་ཀྱིས་ཚེས་ལྔ་ཉིན་ཆབ་སྲིད་ཀྱི་ཐབས་ལམ་ལ་བརྟེན་ནས་ཡེ་མིན་གྱི་ཉམས་ཉེན་ཞི་འཇགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱི་རྣམ་འགྱུར་དེ་ནི་འདས་སོང་གི་ནོར་འཆུག་ཡོ་བསྲང་བྱེད་པའི་གོམ་པ་དང་པོ་ཡིན་ཡང་། ཁེར་རྐྱང་གིས་ཡེ་མིན་གྱི་གནད་དོན་ཐག་གཅོད་བྱེད་ཐབས་མེད་ཟེར། 

ཨ་མེ་རི་ཁའི་སྲིད་གཞུང་གསར་བས་ད་རུང་སྐབས་སྔོན་མའི་སྲིད་གཞུང་གིས་ཟླ་དང་པོའི་ཚེས་བཅུ་ཉིན་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་པ་དེ་རྩིས་མེད་དུ་གཏོང་རྩིས་ཡོད་པ་རེད། དབྱེ་ཞིབ་མི་སྣས་བལྟས་ན། ཧུའུ་སེ་དྲག་ཆས་པ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་པར་ཤུགས་རྐྱེན་ངན་པ་འབྱུང་སྲིད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡེ་མིན་གྱི་མི་ཆོས་རིང་ལུགས་རྒུད་སྐྱོབ་འགུལ་སྐྱོད་དང་མཉམ་འབྲེལ་རྒྱལ་ཚོགས་གཙོ་བྱས་པའི་ཞི་བདེའི་འཕེལ་རིམ་ལ་བཀག་རྒྱ་ཐེབས་སྲིད་པར་འདོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།