ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་སྡེ་བ་གཉིས་ལ་འཇབ་རྒོལ་ཐེབས་ཏེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་དཔོན་པོ་ཞིག་གིས་ཚེས་བདུན་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ནཱ་ཀྲིག་གི་སྡེ་བ་གཉིས་ལ་ཚེས་དྲུག་ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར། 

ཁཱ་ཏུའུ་ནཱ་ཀྲིག་གི་ནང་སྲིད་ཅུའུ་ཡི་ཅུའུ་ཀྲང་ཨ་ལུའུ་ཝན་གྱིས་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ཚེས་དྲུག་ཉིན་སོ་སོར་ཀྲིག་དེའི་པུས་ཨར་ཉིན་བཀའ་ལི་ས་ཁུལ་གྱི་ཁུའུ་ཐི་མེ་ཧྲི་སྡེ་བ་དང་ཁཱ་ཀྲུའུ་ལུའུ་ས་ཁུལ་གྱི་ཁུའུ་ཅེ་ནེ་སྡེ་བར་འཇབ་རྒོལ་བྱས་ཟེར། 

ཨ་ལུའུ་ཝན་གྱིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ལས་ཁུའུ་ཐི་མེ་ཧྲི་སྡེ་བའི་མི་བཅུ་བཞི་དང་ཁུའུ་ཅེ་ནེ་སྡེ་བའི་མི་ལྔ་རྐྱེན་ལམ་དུ་ཤོར། སྡེ་བ་གཉིས་ཀྱི་སྡེ་མི་མང་བོར་རྨས་ཕོག་ཡོད་ལ། སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ད་རུང་ཁང་བ་མང་བོ་མེར་བསྲེགས་པར་མ་ཟད་རྒྱུ་ནོར་མང་བོ་འཕྲོག་བཅོམ་བྱས་ཡོད་ཟེར། 

ཨ་ལུའུ་ཝན་གྱིས་བཤད་རྒྱུར། ཁཱ་ཏུའུ་ནཱ་ཀྲིག་གི་ཀྲིག་ཀྲང་ལུའུ་ཧྥ་དབྱེ་ཡིས་འཇབ་རྒོལ་དོན་རྐྱེན་བྱུང་རྗེས་བདེ་འཇགས་སྡེ་ཁག་གིས་འགུལ་སྐྱོད་མྱུར་དུ་སྤེལ་ནས། འཇབ་རྒོལ་བྱེད་མཁན་གྱི་དྲག་ཆས་ཉེས་ཅན་དག་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།