རྒྱ་གྲམ་དམར་པོ་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པས་འགོག་སྨན་བགོ་བཤའ་བྱེད་པ་འདྲ་མཉམ་མིན་ཚེ་ཤུགས་རྐྱེན་ཚབས་ཆེན་འབྱུང་སྲིད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། རྒྱ་གྲམ་དམར་པོ་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པས་ཚེས་བཞི་ཉིན་ཉེན་བརྡ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོབ་པའི་ཐད་ཀྱི་འདྲ་མཉམ་མིན་པའི་སྣང་ཚུལ་ཧ་ལས་པ་ཞིག་ཡིན་ལ། དེ་ལས་གཏོར་བརླག་རང་བཞིན་གྱི་ཤུགས་རྐྱེན་ཚབས་ཆེན་འབྱུང་སྲིད་ཟེར། 

རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ད་ལྟའི་བར། འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་བདུན་ཅུའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པའི་བྱ་བ་ཆེས་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ལྔ་བཅུ་ནས་བྱུང་བ་དང་། ཆེས་དབུལ་ཕོངས་ཀྱི་རྒྱལ་ཁབ་ལྔ་བཅུའི་འགོག་སྨན་བརྒྱབ་པའི་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཅིག་ལས་ཟིན་མེད། རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པའི་དྲུང་ཡིག་ཆེན་མོ་ཁྲ་ཕཱ་ཀན་གྱིས་བཤད་རྒྱུར། སྣང་ཚུལ་དེ་ནི་ཧ་ལས་པ་ཞིག་ཡིན་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་ཇེ་སྡུག་ཏུ་འགྲོ་ཡང་སྲིད། རིམས་ནད་ཆེན་མོ་དེའི་འགྲན་རྩོད་ཁྲོད་ང་ཚོ་ཚང་མ་གྲུ་གཟིངས་གཅིག་གི་སྟེང་ཡོད། རྒྱལ་ཁབ་རེ་འགའི་ཉེན་ཁ་ཆེས་དམའ་བའི་མི་རེ་འགར་འགོག་སྨན་བརྒྱག་པའི་ཆེད་དུ་རྒྱལ་ཁབ་གཞན་པའི་ཉེན་ཁ་ཆེས་ཆེ་བའི་མི་བསྐྱུར་མི་རུང་ཟེར། 

རྒྱལ་སྤྱིའི་མནའ་འབྲེལ་ཚོགས་པས་ཉེན་བརྡ་བཏང་སྟེ། གལ་ཏེ་འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོར་པྲོག་གསར་གློ་ཚད་ཀྱི་འགོག་སྨན་མ་བརྒྱབ་ན། པྲོག་གསར་ནད་དུག་མུ་མཐུད་དུ་འགོ་བའམ་གཤིས་འགྱུར་འབྱུང་སྲིད། དེ་ལས་འགོག་སྨན་ལ་ནུས་པ་མེད་པའི་ནད་དུག་འབྱུང་སྲིད་པར་མ་ཟད། འགོག་སྨན་བརྒྱབ་པའི་མིར་ཡང་བསྐྱར་འགོས་ཀྱང་སྲིད་ཟེར། 

རིམས་ནད་འགོག་སྨན་གྱི་བགོ་བཤའ་འདྲ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་ཆེད། རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པས་ཉིན་དེར་འགྲོ་སོང་སུའེ་ཙེར་གྱི་སྒོར་མོ་དུང་ཕྱུར་གཅིག་བཏང་ནས་མི་དུང་ཕྱུར་ལྔར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པའི་འཆར་གཞིར་རྒྱབ་སྐྱོར་བྱེད་རྒྱུ་ཁྱབ་སྒྲོག་བྱས། འཆར་གཞི་ལྟར་ན། རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པས་འགོག་སྨན་བརྒྱག་པའི་འཆར་འགོད་དང་ལག་བསྟར་དུས་རིམ་དུ་རྒྱལ་ཁབ་མང་བོར་རོགས་རམ་བྱེད་རྒྱུ་ཡིན་ལ། དེའི་ནང་འགོག་སྨན་གྱི་ཡིད་ཆེས་འཛུགས་པ་དང་འབྲེལ་ཡོད་འགོག་སྨན་གྱི་ཕན་ནུས་ནོར་འཆུག་གི་བརྡ་འཕྲིན་འགོག་རྒོལ་བྱེད་པ་སོགས་འདུས། 

ཁྲ་ཕཱ་ཀན་གྱིས་བསྟན་དོན། འཆར་གཞི་དེ་ལས་སྟོབས་ཤུགས་ཞན་པ་དང་ཉེན་ཁ་ཆེས་ཆེ་བའི་ཁེར་རྐྱང་གི་མི་སྣ་དང་སྡོད་ཁུལ་ལ་འགོག་སྨན་བརྒྱག་ཐུབ་པར་འགན་སྲུང་བྱེད་རྒྱུ་དེ་ཡིན། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དེ་རྒྱལ་ཁབ་བར་དང་རྒྱལ་ཁབ་ནང་ཁུལ་གྱི་འདྲ་མཉམ་བགོ་བཤའ་ནི་ཀུན་སྤྱོད་ཐད་ཀྱི་རེ་བ་ཙམ་མ་ཡིན་པར། དེང་སྐབས་ཆེས་དགོས་གལ་ཆེ་བའི་སྤྱི་བའི་འཕྲོད་བསྟེན་གྱི་བྲེལ་མྱུར་གནས་ཚུལ་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་གཅིག་ཀྱང་ཡིན། འདྲ་མཉམ་བགོ་བཤའ་མེད་ན་འགོག་སྨན་བརྒྱབ་པའི་མི་ཡིན་ཡང་བདེ་འཇགས་ཡིན་མི་སྲིད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།