ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ལོ་ལྔས་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་ཨ་མེ་རི་ཁས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ལོ་ལྔས་ཇེ་རིང་དུ་བཏང་ཡོད་ལ། ནུས་ལྡན་དུས་ཡུན་ནི་ཉིས་སྟོང་ཉེར་དྲུག་ལོའི་ཟླ་གཉིས་པའི་ཚེས་ལྔའི་བར་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཉིན་དེར་ཕྱི་འབྲེལ་ཡིག་ཆ་བརྗེ་སྤོར་བྱས་ཏེ། འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་འབྲེལ་ཡོད་ལས་རིམ་ཡོངས་འགྲུབ་བྱས་པ་དང་། གྲོས་མཐུན་ཉིན་དེ་ནས་བཟུང་ནུས་ལྡན་དུ་གྱུར་ཡོད། འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ནུས་ལྡན་གྱི་ལག་བསྟར་ཡུན་ཚད་ནི་ཉིས་སྟོང་ཉེར་དྲུག་ལོའི་ཟླ་གཉིས་པའི་ཚེས་ལྔ་ཉིན་བར་ཡིན་པ་དང་། ཆིངས་ཡིག་གི་ནང་དོན་འགྱུར་མི་སྲིད་ཟེར། 

གསལ་སྒྲོག་ལས་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གཉིས་ཀྱིས་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་ཁ་པར་གླེང་མོལ་བྱས་ཏེ་གྲོས་མཐུན་འགོད་པར་གནད་འགག་གི་ནུས་པ་ཐོན་ཡོད། ཉིང་རྡུལ་ནུས་པའི་རྒྱལ་ཁབ་ཆེན་མོ་གཉིས་ཡིན་པའི་ཆ་ནས། ཨུ་རུ་སི་དང་ཨ་མེ་རི་ཁས་དམིགས་བསལ་འགན་འཁྲི་ཁུར་ཡོད། ཆོད་དོན་གལ་ཆེན་དེ་འདྲ་སྤེལ་ན་ཁེ་ཕན་དོ་མཉམ་ཡོང་བའི་ཆ་རྐྱེན་འོག་དམག་ཆས་ཚོད་འཛིན་ཁྱབ་ཁོངས་ཀྱི་སྔོན་དཔག་རང་བཞིན་དང་གསལ་ཚད་སྲུང་འཛིན་བྱེད་པར་ཕན་ཐོགས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁས་ཧུར་ཐག་སྒོས་ཕྱོགས་གཉིས་ཀྱི་དམག་ཆས་ཚོད་འཛིན་ཁྱབ་ཁོངས་ཀྱི་གྲོས་མོལ་སླར་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་བདེ་འཇགས་དང་འཛམ་གླིང་ཡོངས་ཀྱི་འཐབ་ཇུས་གཏན་འཇགས་སྲ་བརྟན་དུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་འབད་འབུངས་བྱེད་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྱང་འགན་ཁུར་བའི་རྣམ་འགྱུར་ལེགས་པོ་བཟུང་ནས་ཨུ་རུ་སིའི་ཕྱོགས་ཀྱི་འབྲེལ་ཡོད་གྲོས་གཞིར་འཛུགས་སྐྲུན་རང་བཞིན་ལྡན་པའི་ལན་སྟེར་དགོས་པའི་འབོད་སྐུལ་བཏང་། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་དེ་ཛ་དྲག་ཏུ་གྱུར་ཡོད་པའི་སྐབས་སུ། ཨུ་རུ་སིའི་རྒྱང་བསྟེན་ཉིང་རྡུལ་ནུས་པའི་མཚོན་ཆའི་ཁ་གྲངས་ལ་ཚོད་འཛིན་མངོན་གསལ་ཐེབས་པ་དེ་ལྷག་ཏུ་གལ་འགངས་ཆེ་བར་མངོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ལོ་ལྔའི་ལག་བསྟར་ཡུན་ཚད་བེད་སྤྱད་དེ་ཨུ་རུ་སིའི་བར་ཨུ་རུ་སིའི་ཉིང་རྡུལ་མཚོན་ཆ་ཚང་མར་འབྲེལ་བའི་དམག་ཆས་ཚོད་འཛིན་གྱི་གྲོས་མཐུན་འགོད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།