དབྱི་ལིང་གིས་བཀག་འཇོག་བྱས་པའི་ཧན་གོའི་གྲུ་བ་དག་ལ་ཆོག་མཆན་ཐོབ་ནས་དབྱི་ལིང་དང་བྲལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་གཉིས་ཉིན་དབྱི་ལིང་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སུ་གསར་འགྱུར་སྤེལ་ཏེ། མི་ཆོས་རིང་ལུགས་ལ་བསམ་བློ་བཏང་སྟེ་ཟླ་སྔོན་མར་དབྱི་ལིང་ཕྱོགས་ཀྱིས་བཀག་འཇོག་བྱས་པའི་ཧན་གོའི་སྣུམ་འདྲུད་གྲུ་གཟིངས་ཀྱི་གྲུ་བ་དག་ལ་ཆོག་མཆན་ཐོབ་ནས་དབྱི་ལིང་དང་བྲལ་ཡོད་ཟེར།

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། ཧན་གོའི་སྲིད་གཞུང་གིས་རེ་བ་བཏོན་པ་དང་དབྱི་ལིང་ཁྲིམས་འཛིན་ལས་ཁུངས་ཀྱིས་རོགས་འདེགས་བྱས་པ་བརྒྱུད། སྣུམ་འདྲུད་གྲུ་གཟིངས་དེའི་སྟེང་གི་གྲུ་བ་དག་དབྱི་ལིང་དང་འབྲལ་བར་ཆོག་མཆན་བཀོད་ཡོད། དེ་མིན་དབྱི་ལིང་གིས་མུ་མཐུད་དུ་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་སྣུམ་འདྲུད་གྲུ་གཟིངས་དང་དེའི་གྲུ་དཔོན་གྱི་ཁྲིམས་འགལ་བྱ་སྤྱོད་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ད་རུང་བཤད་རྒྱུར། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཨ་ལཱ་ཀི་ཞེ་དང་ཧན་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་ཚོས་ཀྲུང་ཅན་གཉིས་ཀྱིས་ཁ་པར་བརྒྱུད་དེ་གྲོས་མོལ་བྱས། དབྱི་ལིང་ཕྱོགས་ཀྱིས་ཧན་གོས་མྱུར་མོར་ཧན་གོར་ཡོད་པའི་དབྱི་ལིང་གི་ཕྱི་དངུལ་བཀག་རྒྱ་མེད་པར་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཧན་གོའི་ཕྱོགས་ཀྱིས་གང་ནུས་ཀྱིས་བཀག་སྡོམ་བྱས་པའི་མ་དངུལ་གྱི་ཚོད་འཛིན་མེད་པར་བཟོ་འདོད་ཡོད་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་ད་རུང་དབྱི་ལིང་གིས་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་ཡོད་མ་དངུལ་བེད་སྤྱོད་བྱེད་པའི་རྐྱེན་སྲོལ་ལ་གྲོས་བསྡུར་བྱས་ཟེར། 

དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཟླ་དང་པོའི་ཚེས་བཞི་ཉིན་ཐེངས་མང་བོར་རྒྱ་མཚོའི་ཁོར་ཡུག་གི་འབྲེལ་ཡོད་བཅའ་ཁྲིམས་སྲོལ་ཡིག་དང་འགལ་བ་རྒྱུ་མཚན་དུ་བྱས་ཏེ། མཚོ་ཁུགས་ནས་ཧན་གོའི་རྒྱལ་དར་བཏགས་ཡོད་པའི་སྣུམ་འདྲུད་གྲུ་གཟིངས་ཤིག་བཀག་འཇོག་བྱས། ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བལྟས་ན། གྲུ་གཟིངས་བཀག་འཇོག་བྱས་པ་དེ་ཧན་གོའི་ཕྱོགས་ཀྱིས་དབྱི་ལིང་གི་མ་དངུལ་བཀག་སྡོམ་བྱས་པར་འབྲེལ་བ་ཡོད་པར་འདོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།