དབྱི་ལིང་གིས་ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པའི་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་མི་སྲིད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་གཅིག་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་ངེས་པར་དུ་དབྱི་ལིང་གི་བཀག་སྡོམ་མེད་པར་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་གསུམ་གཅིག་ལ་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་། ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ལོག་ཆོག་པ་ཡིན། དབྱི་ལིང་ཕྱོགས་ཀྱིས་བལྟས་ན་ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པའི་གནད་དོན་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པའི་དགོས་པ་མེད་པར་བསམ་ཡོད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། དབྱི་ལིང་གིས་བལྟས་ན། ཨ་མེ་རི་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པར་དེའི་ལས་རིམ་དང་དུས་རིམ་ཡོད་པར་འདོད། ཐོག་མར་ཨ་མེ་རི་ཁས་ངེས་པར་དུ་ཕྱོགས་ཡོངས་ནས་ཆ་རྐྱེན་ཅི་ཡང་མེད་ལ་ཕན་ནུས་ལྡན་པའི་སྒོ་ནས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་དགོས། དེའི་རྨང་གཞིའི་སྟེང་ཨ་མེ་རི་ཁ་ད་གཟོད་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་ཆོག དགོས་པ་ཡོད་པའི་གྲོས་མོལ་གང་ཡིན་ཡང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྒྲོམ་གཞིའི་ནང་སྤེལ་དགོས་པ་ལས། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འབྲེལ་བའི་གནད་དོན་ལ་ལྟག་རྒྱབ་ཀྱི་ཐབས་ལམ་གང་ཡང་དགོས་མཁོ་མེད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ད་རུང་བཤད་རྒྱུར། དབྱི་ལིང་གིས་ཨ་མེ་རི་ཁའི་སྲིད་གཞུང་གི་དོན་དངོས་འགུལ་སྐྱོད་གཞིར་བཟུང་ནས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་སྲིད་པ་ལས། རིགས་སྣ་ཚོགས་ཀྱི་གསལ་སྒྲོག་དག་གཞིར་འཛིན་མི་སྲིད། གལ་ཏེ་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་མེད་པར་མ་བཏང་ན། དབྱི་ལིང་སྲིད་གཞུང་གིས་གྲོས་ཚོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་འཆར་ཟིན་ལྟར་དུ་བྱེད་ཐབས་སྔར་ལས་ལྷག་པ་སྤྱོད་ངེས་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།