ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡིས་ཕྱོགས་ཡོངས་གོང་སྤེལ་གྱི་ཞི་བདེ་རྒྱ་མཚོ་བརྒལ་བའི་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནང་ཞུགས་པར་དངོས་སུ་རེ་ཞུ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་སྲིད་གཞུང་གིས་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཟླ་གཉིས་པའི་ཚེས་གཅིག་ཉིན་ཕྱོགས་ཡོངས་གོང་སྤེལ་གྱི་ཞི་བདེ་རྒྱ་མཚོ་བརྒལ་བའི་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནང་ཞུགས་པར་དངོས་སུ་རེ་ཞུ་བྱེད་རྒྱུ་ཡིན་ཟེར། 

དབྱིན་ཇིའི་རྒྱལ་སྤྱིའི་ཉོ་ཚོང་པུའུ་ཡིས་བསྟན་དོན། ཟླ་དང་པོའི་ཚེས་སོ་གཅིག་ཉིན། དབྱིན་ཇི་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་ནས་ལོ་གཅིག་འགོར་ཡོད་པ་དང་། ཕྱོགས་ཡོངས་གོང་སྤེལ་གྱི་ཞི་བདེ་རྒྱ་མཚོ་བརྒལ་བའི་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནང་ཞུགས་ཏེ་དབྱིན་ཇི་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཆེས་མགྱོགས་པའི་ཚོང་ར་སྐོར་ཞིག་གི་ཉོ་ཚོང་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། དབྱིན་ཇི་ལ་གོ་སྐབས་བསྐྲུན་རྒྱུ་ཡིན་ཟེར། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་བཤད་རྒྱུར། ཕྱོགས་ཡོངས་གོང་སྤེལ་གྱི་ཞི་བདེ་རྒྱ་མཚོ་བརྒལ་བའི་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གསར་ཞུགས་ཁོངས་མིར་འགྱུར་བའི་རེ་ཞུ་བྱེད་པ་ལས་དབྱིན་ཇིས་འཛམ་གླིང་ཡོངས་ཀྱི་གྲོགས་པོ་དག་དང་མཉམ་དུ་ཆ་རྐྱེན་ཆེས་བཟང་བོའི་འོག་ཉོ་ཚོང་བྱ་འགུལ་སྤེལ་ཏེ་འཛམ་གླིང་ཡོངས་ཀྱི་རང་དབང་ཉོ་ཚོང་གོང་བཀུར་མཁན་དུ་འགྱུར་བའི་སྤོབས་སེམས་ཡོད་པ་མཚོན་ཡོད་ཟེར། 

དབྱིན་ཇིའི་རྒྱལ་སྤྱིའི་ཉོ་ཚོང་བློན་ཆེན་ཐི་ལཱ་སི་ཡིས་བསྟན་དོན། ཕྱོགས་ཡོངས་གོང་སྤེལ་གྱི་ཞི་བདེ་རྒྱ་མཚོ་བརྒལ་བའི་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནང་ཞུགས་པ་ལས་དབྱིན་ཇིའི་ཁེ་ལས་ལ་གོ་སྐབས་ཆེན་པོ་བསྐྲུན་ཐུབ། ང་ཚོ་རུ་དཔུང་གི་མདུན་གྲལ་དུ་ཚུད་ནས། ཉེ་བའི་ཟླ་ངོ་འགའི་ནང་གྲོས་མོལ་དངོས་སུ་མགོ་རྩོམ་པར་རེ་སྒུག་བྱས་ཡོད་ཟེར། 

དབྱིན་ཇིའི་རྒྱལ་སྤྱིའི་ཉོ་ཚོང་པུའུ་ཡིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཉིས་སྟོང་ཉི་ཤུ་ལོའི་དབྱིན་ཇི་དང་ཕྱོགས་ཡོངས་གོང་སྤེལ་གྱི་ཞི་བདེ་རྒྱ་མཚོ་བརྒལ་བའི་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་ཉོ་ཚོང་འབོར་གྲངས་དབྱིན་ཇིའི་སྒོར་མོ་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་གཅིག་ལ་བསླེབས་ཡོད་པ་དང་། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་ལོ་རེར་བརྒྱ་ཆའི་བརྒྱད་ཀྱི་མྱུར་ཚད་ཀྱིས་འཕར་སྣོན་འབྱུང་བཞིན་ཡོད། 

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན། འཇར་པན་དང་ཁཱ་ནཱ་ཏཱ། ཨོ་སི་ཁྲུ་ལི་ཡཱ། ཀྲི་ལི། ནེའུ་ཙེ་ལན། སིང་ག་ཕོར། ཝུན་ལའེ། མཱ་ལེ་ཞི་ཡཱ། ཡོ་ནན། མའོ་ཞི་ཁོ། ཕེ་རུ་བཅས་རྒྱལ་ཁབ་བཅུ་གཅིག་གིས་བཀོད་པའི་ཕྱོགས་ཡོངས་གོང་སྤེལ་གྱི་ཞི་བདེ་རྒྱ་མཚོ་བརྒལ་བའི་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དངོས་སུ་ནུས་ལྡན་དུ་གྱུར། གྲོས་ཆོད་དེ་མི་གྲངས་དུང་ཕྱུར་བཞི་དང་བྱེ་བ་དགུ་ས་ཡ་བརྒྱད་ལ་ཁེབས་ཡོད་པ་དང་། ཁོངས་གཏོགས་རྒྱལ་ཁབ་དག་གི་རྒྱལ་ནང་གི་ཐོན་སྐྱེད་སྤྱི་རིན་གྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སྤྱི་གྲངས་ཀྱི་བརྒྱ་ཆའི་བཅུ་གསུམ་ཙམ་ཟིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།