ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མི་སྣས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་རེ་སྒུག་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཉེ་སྔོན་རྒྱལ་ཁབ་རེ་འགའི་ཆབ་སྲིད་མགོ་ཁྲིད་པ་དང་ཆེད་མཁས་དག་གིས་ཚོགས་ར་མི་འདྲ་བར་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་འཛམ་གླིང་སྟེང་ཆེས་གལ་ཆེ་བའི་ཕྱོགས་གཉིས་འབྲེལ་བ་ཞིག་ཡིན་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་གིས་ཀྲུང་གོར་དམིགས་པའི་སྲིད་ཇུས་ལེགས་སྒྲིག་བྱེད་པ་དང་། ཀྲུང་གོའི་བར་གྱི་ཡིད་ཆེས་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་རྒྱུན་ལྡན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཨ་མེ་རི་ཁའི་ཆའོ་ཀྲི་པུའུ་ཧྲིའི་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་ཐེབས་རྩ་ཚོགས་པའི་ཙུང་ཚེ་དང་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཏའེ་ཝེ་ཧྥ་ཨར་སི་ཐན་གྱིས་ཉེ་སྔོན་ཨེ་ཤ་ཡཱའི་མཐུན་ཚོགས་ཀྱིས་ཏི་ཁི་སཱ་སི་ཀྲིག་ལྟེ་གནས་ནས་སྤེལ་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་དྲ་རྒྱའི་འཆད་ཁྲིད་སྟེང་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ལས་དབང་དང་མ་འོངས་པ་དམ་དུ་སྦྲེལ་ཡོད་པ་དང་། ཁྱད་པར་དུ་དཔལ་འབྱོར་ཁྱབ་ཁོངས་ཀྱི་འབྲེལ་བ་ཟབ། ཀྲུང་གོའི་ཚོང་ར་དེ་ཨ་མེ་རི་ཁའི་འཛད་སྤྱོད་མཁན་དང་ཐོན་སྐྱེད་བཟོ་བར་མཚོན་ན་གལ་འགངས་ཧ་ཅང་ཆེ། ང་ཚོ་ཕན་ཚུན་ལ་མཁོ་གལ་ཆེ་བ་ཡིན་པས། ང་ཚོར་སེམས་འདུན་ཡོད་མེད་གང་ལྟར་ཀྱང་ངེས་པར་དུ་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ལེགས་བཅོས་བྱེད་དགོས་ཟེར། 

སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཏཱ་བོ་སིའི་གྲོས་རིམ་གྱི་གྲོས་མོལ་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་འཛམ་གླིང་སྟེང་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ན་ད་གཟོད་ངེས་པ་དོན་གྱིས་གནད་དོན་ཐག་གཅོད་བྱེད་ཐུབ་ལ། ཕན་ཚུན་འགལ་བར་གྱུར་ན་གནད་དོན་དང་འགྲན་རྩོད་སྔར་ལས་མང་བོ་འབྱུང་སྲིད། ཨ་མེ་རི་ཁས་ཀྲུང་གོའི་དར་རྒྱས་ལ་ལྟ་སྟངས་ཡང་དག་བཟུང་སྟེ། ཀྲུང་གོ་དེ་འགྲན་རྩོད་མཁན་དང་ཐ་ན་འཇིགས་ཉེན་མཁན་དུ་བལྟ་བའི་རྣམ་འགྱུར་དེ་བསྒྱུར་ནས་ཕྱོགས་གཉིས་ཀྱི་ཐུན་མོང་གི་གནད་འཚོལ་ཞིབ་བྱེད་དགོས་ཟེར། 

ཨེ་ཅིབ་ཁེ་རོ་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་ཞེ་ཧི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་ནི་འཛམ་གླིང་སྟེང་གི་ཆབ་སྲིད་སྟོབས་ཤུགས་དང་དཔལ་འབྱོར་ཚོགས་པ་གལ་ཆེན་གཉིས་ཡིན་པའི་ཆ་ནས། དེའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལས་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། མི་རྣམས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་རེ་བ་བྱས་ཡོད་ལ། དེ་འཛམ་གླིང་ཡོངས་ལ་ཕན་པ་ཡིན་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་རིག་མཛོད་ཀྱི་ཨེ་ཤ་ཡཱའི་གསར་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་སུའུ་ཨར་ཡའོ་ནོའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་སྐབས་གསར་བའི་སྲིད་གཞུང་ལ་ཀྲུང་གོའི་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པའི་རེ་འདོན་ཡོད་ཅིང་། ཀྲུང་གོའི་བར་ཡང་བསྐྱར་འབྲེལ་འདྲིས་ཐུབ་པ་དང་། ཁྱད་པར་དུ་ཕྱོགས་གཉིས་ཀྱི་ཉོ་ཚོང་གནད་དོན་ཐད་ནས་ཕྱོགས་གཉིས་ཀྱིས་ཐད་ཀར་གྲོས་མོལ་བྱེད་དགོས་ཡོད་ཟེར། 

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཐཱ་ཧྲི་ཀན་རྒྱལ་བཙུགས་ཤར་ཕྱོགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་སོ་ཀྲ་མཱ་ནོའུ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་བླག་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཡོངས་ཁྱབ་ཏུ་རེ་སྒུག་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པའི་སྙིང་སྟོབས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་ཆེན་པོར་བརྩི་འཇོག་བྱས་ཏེ། གྲོས་མོལ་དང་མཉམ་ལས་ཀྱི་བྱེད་ཐབས་གསར་བ་འཚོལ་ཞིབ་བྱེད་དགོས་ཟེར། 

ཧྥ་རན་སིའི་ཀྲུང་གོའི་གནད་དོན་གྱི་ཆེད་མཁས་པ་པུའུ་ལོས་སི་ལའེ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་གཏན་འཇགས་དེ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་། འཛམ་གླིང་ཡོངས་ཀྱི་མི་དམངས་ཚང་མའི་བདེ་སྐྱིད་ཡིན་པས། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་གནད་དོན་གལ་ཆེན་ཐད་ཀྱི་མཉམ་ལས་དེ་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་གལ་འགངས་ཧ་ཅང་ཆེ་ཟེར། 

ཨུ་རུ་སིའི་རྒྱལ་སྤྱིའི་ལས་དོན་ལས་འཛིན་ལྷན་ཚོགས་ཀྱི་ལས་གཞིའི་ཀྲུའུ་རིན་ཅི་མའོ་ཧྥེ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཧ་ཅང་གལ་ཆེན་ཡིན་པ་དང་། འཛམ་གླིང་ཡོངས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཡང་བསྐྱར་རྒྱུན་ལྡན་དུ་འགྱུར་བར་རེ་བས་ཁེངས་ཡོད་ལ། ཨ་མེ་རི་ཁའི་སྲིད་གཞུང་གསར་བས་ཀྲུང་གོའི་འབྲེལ་འདྲིས་བྱེད་སྐབས་དངོས་གཉེར་གྱི་ལྟ་སྟངས་འཇིན་པར་རེ་སྒུག་བྱས་ཡོད་ཟེར། 

ཧྥུན་ལན་གྱི་ཨ་ཨར་ཐའོ་སློབ་ཆེན་གྱི་ཚོང་དོན་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཁཱ་ཨར་ཧྥེ་ཡིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བས་གོ་སྐབས་གསར་བ་བེད་སྤྱད་དེ་ལེགས་བཅོས་ཐོབ་པར་རེ་སྒུག་བྱས་ཡོད། གལ་ཏེ་ལེགས་འགྲུབ་བྱུང་ན་འཛམ་གླིང་ཧྲིལ་བོར་ཕན་ཐོགས་ཡོད་པ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།