ཀྲུང་གོ་བོད་ཀྱི་དྲ་བ།

མོང་གོལ་གྲོས་ཁང་གིས་ཨོ་ཡུན་ཨི་ཨར་ཏིན་ཙུང་ལི་གསར་བར་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 2.jpg

འདི་ནི་ཟླ་དང་པོའི་ཚེས་ཉེར་བདུན་ཉིན་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཝུའུ་ལན་པཱ་ཐའོ་ཡི་རྒྱལ་ཁབ་ཕོ་བྲང་ནས་ཨོ་ཡུན་ཨི་ཨར་ཏིན་གྲོས་ཚོགས་ལ་ཞུགས་པའི་འདྲ་པར་ཞིག་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཚེས་ཉེར་བདུན་ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཨོ་ཡུན་ཨི་ཨར་ཏིན་སྐབས་གསར་བའི་ཙུང་ལིར་བསྐོ་འཇོག་བྱེད་པར་ཐག་བཅད། 

རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ཙན་ཏན་ཧྲ་ཐར་གྱིས་བཤད་རྒྱུར། མིག་སྔར་མོང་གོལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཉམས་སད་ཆེན་མོར་འཕྲད་ཡོད་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ཡང་དེ་འདྲའི་བཟང་རྒྱུ་མེད་ཟེར། ཁོས་ཨོ་ཡུན་ཨི་ཨར་ཏིན་གྱིས་མྱུར་མོར་སྲིད་གཞུང་གསར་བ་རྩ་འཛུགས་བྱས་ཏེ། སྲིད་གཞུང་བྱ་བ་རྒྱུན་ལྡན་དུ་འགྲོ་བར་བྱེད་དགོས་པའི་རེ་བ་བཏོན། 

ཚེས་ཉེར་གཅིག་ཉིན། སྐབས་དེའི་ཙུང་ལི་ཧུའུ་རི་ལེ་སུའུ་ཧི་ཡིས་པྲོག་གསར་གློ་ཚད་རིམས་ནད་འགོས་པའི་སྦྲུམ་མ་ཞིག་གནས་གཞན་དུ་སྐྱེལ་བའི་སྐབས་སུ་མི་ཆོས་དང་མི་མཐུན་པའི་མནར་གཅོད་ཐེབས་པ་ལས་མང་ཚོགས་ཀྱི་ངོ་རྒོལ་དྲག་པོ་ཐེབས་པའི་དབང་གིས་ལས་ཁུར་དགོངས་ཞུ་བྱས། རྒྱལ་ཁབ་གྲོས་ཁང་གིས་ཉིན་དེར་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཧུའུ་རི་ལེ་སུའུ་ཧིའི་ལས་ཁུར་དགོངས་ཞུའི་རེ་འདོན་ལ་ཡིད་འཐད་བྱུང་བ་དང་། ཁོས་ཙུང་ལི་གསར་བ་བསྐོ་འཇོག་བྱེད་རག་བར་མུ་མཐུད་དུ་ལྟ་སྐྱོང་སྲིད་གཞུང་གི་བྱ་བར་མགོ་ཁྲིད་བྱེད་དགོས་པའི་རེ་བ་བཏོན། 

མོང་གོལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར། སྲིད་འཛིན་པའི་མོལ་གོལ་མི་དམངས་ཏང་གིས་ཚེས་ཉེར་གཉིས་ཉིན་ཨོ་ཡུན་ཨི་ཨར་ཏིན་ཙུང་ལི་གསར་བའི་འདེམ་སྒུག་མི་སྣར་མིང་བཏོན་པ་དང་། ཙུང་ཐུང་པཱ་ཐི་ཐུའུ་ལེ་དགའ་ལ་ཡིག་ཐོག་གི་རྣམ་པས་མོང་གོལ་མི་དམངས་ཏང་གི་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཆོད་དོན་མཚམས་སྦྱོར་བྱས། ཚེས་ཉེར་བདུན་ཉིན་པཱ་ཐི་ཐུའུ་ལེ་དགའ་ཡིས་ཆོད་དོན་དང་ལེན་བྱས། 

ཨོ་ཡུན་ཨི་ཨར་ཏིན་ནི་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོར་སྐྱེས་པ་དང་། ཁོ་རང་ཉིས་སྟོང་བཅུ་དྲུག་ལོ་དང་ཉིས་སྟོང་ཉི་ཤུ་ལོར་ཐེངས་གཉིས་ལ་རྒྱལ་ཁབ་གྲོས་ཁང་གི་ཨུ་ཡོན་དུ་བདམས་ཡོད་ལ། ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་མོང་གོལ་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གྱི་འགན་ཁུར་བ་རེད། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།