ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཕྱོགས་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞི་ཡིས་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ་མཉམ་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ལྷོ་ཕྱོགས་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞི། མའོ་སིང་པུས་ཁིའི་ཙུང་ཐུང་ཉིག་ཞི་ཡིས་ཚེས་ཉེར་དགུའི་ཉིན་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་ལས་དང་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་སྟེ། མཉམ་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཉིག་ཞི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་ནི་སྔར་བཞིན་ཁོངས་གཏོགས་རྒྱལ་ཁབ་མང་ཆེ་བའི་མདུན་དུ་ལྷགས་པའི་འགྲན་རྩོད་ཆེས་ཆེན་མོ་ཞིག་ཡིན་པ་རེད། ལྷོ་ཕྱོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ཏུ་ཉིན་རེར་གསར་དུ་འཕར་བའི་ནད་པའི་ཁ་གྲངས་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད། ཨ་ཧྥེ་རི་ཁ་གླིང་དུ་ཉིན་རེའི་གསར་བྱུང་ནད་པའི་ཁྲོད་དུ་ཕྱེད་ཀའི་ཡན་ལྷོ་ཕྱོགས་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་ནས་བྱུང་བ་རེད་ཟེར། 

ཉིག་ཞི་ཡིས་བཤད་རྒྱུར། ཁོངས་གཏོགས་རྒྱལ་ཁབ་དག་གིས་རིམས་ནད་འགོག་བཅོས་ཀྱི་བརྡ་འཕྲིན་མཉམ་སྤྱོད་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཐོན་ཁུངས་གཅིག་བསྡུས་བྱས་ཏེ་མྱུར་མོར་འགོག་སྨན་ཐོབ་པར་བྱེད་པ་དང་། རྒྱལ་ཁབ་སོ་སོའི་ཉེན་ཁའི་ཚད་ལྟར་འགོག་སྨན་བགོ་བཤའ་བྱེད་དགོས་པའི་གྲོས་གཞི་བཏོན། ཁོས་ད་རུང་ཁོངས་གཏོགས་རྒྱལ་ཁབ་དག་གིས་འགོག་སྨན་གྱི་ཞིབ་འཇུག་གསར་སྤེལ་ཆུ་ཚད་མཐོར་འདེགས་བྱེད་པ་དང་། མ་འོངས་པར་ས་ཁུལ་རང་གི་འགོག་སྨན་གྱི་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་། 

ལྷོ་ཕྱོགས་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ཐུན་མོང་ཚོགས་པར་ད་ལྟ་ཁོངས་གཏོགས་རྒྱལ་ཁབ་བཅུ་དྲུག་ཡོད་ཅིང་། དེའི་དམིགས་ཡུལ་ནི་འདྲ་མཉམ་དང་གཉིས་ཕན། དོ་མཉམ་བཅས་ཀྱི་རྨང་གཞིའི་སྟེང་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཛུགས་པ་དང་། སྒོ་ཁྲལ་གྱི་བཀག་རྒྱ་གཏོར་ནས་ཕན་ཚུན་བར་གྱི་ཉོ་ཚོང་དང་དངུལ་གཏོང་ལ་ཡར་སྐུལ་བཏང་སྟེ། མི་སྣ་དང་དངོས་ཟོང་། ངལ་རྩོལ་བཅས་ཀྱི་རང་དབང་འགྲོ་འོང་མངོན་འགྱུར་བྱེད་པ་དང་། རིམ་བཞིན་དུ་སྒོ་ཁྲལ་དང་དངུལ་ལོར་གཅིག་གྱུར་བྱས་ནས་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་མངོན་འགྱུར་བྱེད་པའི་ཆེད་དུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།