ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་དང་ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་ནས་སོ་སོར་དམག་དོན་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན་བཅུ་དགུ་བསད་ཡོད་ཟེར།
དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། འབྱོར་བའི་གསང་འཕྲིན་ལྟར་དུ་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་གནམ་གྲུ་མངག་ནས་ཅི་ཨར་ཁུའུ་ཁི་ཞིང་ཆེན་བྱང་ངོས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་སྦས་སྐོང་བྱེད་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ནས། དྲག་ཆས་ཉེས་ཅན་བཅུ་བསད་ཟེར།
དེ་ལས་གཞན་དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེའི་སྔ་དྲོར་ཅི་ཨར་ཁུའུ་ཁི་ཞིང་ཆེན་ལྷོ་ངོས་ཀྱི་རི་ཁུལ་དུ་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། མགོ་བ་གསུམ་དང་བཅས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དགུ་བསད་པ་རེད།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་དགུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་བསད།