ཨུ་རུ་སིའི་གྲོས་ཁང་གོང་ཞོལ་གཉིས་ཀྱིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ཇེ་རིང་ལ་གཏོང་བར་ཆོག་མཆན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་གྲོས་ཁང་གོང་ཞོལ་གཉིས་ཀྱིས་ཚེས་ཉེར་བདུན་ཉིན་སོ་སོར་ལས་རིམ་སྟབས་བདེ་ཡིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ཇེ་རིང་ལ་གཏོང་བར་ཆོག་མཆན་བཀོད། 

ཨུ་རུ་སིའི་གྲོས་ཁང་ཞོལ་མའ་ཚེས་ཉེར་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་ཨ་མེ་རི་ཁས་ཚེས་ཉེར་དྲུག་ཉིན་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ལོ་ལྔས་ཇེ་རིང་དུ་གཏོང་བའི་གྲོས་མཐུན་བཀོད་པ་དང་། ཆིངས་ཡིག་དེ་ལག་བསྟར་བྱས་ན་ཉིང་རྡུལ་དམག་ཆས་ཇེ་ཉུང་དུ་གཏོང་བའི་འཕེལ་རིམ་ལ་ཕན་ཐོགས་ཡོད་ཟེར། ཨུ་རུ་སིའི་གྲོས་ཁང་ཞོལ་མས་ཚེས་ཉེར་བདུན་ཉིན་གྲོས་ཚོགས་བསྡུས་ནས། ཙུང་ཐུང་ཕུའུ་ཅིན་གྱིས་སྤྲད་པའི་ཆིངས་ཡིག་དེའི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་སྐོར་གྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་ཡོད་ཟེར། 

ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་བོ་ལོ་ཅིན་གྱིས་བསྟན་དོན། འཛམ་གླིང་ཧྲིལ་བོ་དམག་ཆས་འགྲན་རྩོད་ཀྱི་མཐའ་རུ་གནས་ཡོད་པས། འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ཇེ་རིང་ལ་གཏོང་བ་དེ་འཛམ་གླིང་ཧྲིལ་བོར་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཟེར། 

གཞན་ཡང་ཨུ་རུ་སིའི་གྲོས་ཁང་གོང་མས་ཚེས་ཉེར་བདུན་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཨུ་རུ་སིའི་གྲོས་ཁང་གོང་མས་ཀྱང་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ཇེ་རིང་ལ་གཏོང་བའི་གྲོས་མཐུན་ལ་ཆོག་མཆན་བཀོད་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ལག་བསྟར་ཡུན་ཚད་ལོ་ལྔས་ཇེ་རིང་ལ་གཏོང་བར་ཡིད་འཐད་བྱུང་བ་དང་། དེ་ལས་རྒྱལ་ཁབ་གཉིས་ཀྱིས་མ་འོངས་པར་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་འཐབ་ཇུས་བདེ་འཇགས་གནད་དོན་ཐད་ནས་གྲོས་མོལ་བྱེད་པར་རེ་བ་ལྡན་པར་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།