ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝེ་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝེ་ཡིས་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པར་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་ཁ་པར་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་ནས་ཐུན་མོང་ལྟ་ཚུལ་བྱུང་ཡོད་ཟེར། 

དེ་ནི་པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་ལས་འགན་ཁུར་རྗེས། འཇར་པན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཐོག་དང་པོར་ཁ་པར་གྲོས་མོལ་བྱས་པ་རེད། ཅན་དབྱི་ཝེ་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགོད་པར་བཤད་རྒྱུར། ཁོས་པེད་ཏིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བར་རྟེན་འབྲེལ་ཞུས་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བར་ཤུགས་སྣོན་པར་ཐུན་མོང་ལྟ་ཚུལ་བྱུང་ཡོད་པར་མ་ཟད། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་གྲོས་གཞིའི་ཐད་ནས་མཉམ་ལས་ཟབ་མོ་བྱེད་རྒྱུ་ཁས་ལེན་བྱས། 

ཅན་དབྱི་ཝེ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱིས་རིམས་ནད་ཀྱི་གནས་ཚུལ་ལ་གཞིགས་ཏེ་གང་མགྱོགས་སྒོས་རང་གི་ཨ་མེ་རི་ཁའི་འཚམས་འདྲིའི་འཆར་གཞི་ཉིན་རིམ་དུ་བཞག་སྟེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་དངོས་སུ་གྲོས་མོལ་བྱེད་པ་མངོན་འགྱུར་བྱེད་རྒྱུའི་གྲོས་ཐག་བཅད་ཡོད་ཟེར། ཁོས་བཤད་རྒྱུར། པེད་ཏིན་བར་གྱི་མི་སྒེར་འབྲེལ་བར་ཤུགས་སྣོན་པར་མཚོན་ན། ཉིན་དེའི་ཁ་པར་གྲོས་མོལ་ནི་ཆེས་ལེགས་པའི་གྲོས་མོལ་ཅིག་ཡིན་ཡང་། གྲོས་མོལ་དེ་ལས་ཏུང་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དབང་བོའི་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་བའི་གནད་དོན་གླེང་མེད་ཟེར། 

གཞན་ཡང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་སྤེལ་བའི་གསལ་སྒྲོག་ལྟར་ན། པེད་ཏིན་དང་ཅན་དབྱི་ཝེ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་སྲིད་ཇུས་གནད་དོན་དང་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁ་དང་འཇར་པན་གྱི་མནའ་མཐུན་འབྲེལ་བའི་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ཐད་ཀྱི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས་ཡོད་ལ། པེད་ཏིན་གྱིས་ཅན་དབྱི་ཝེ་ལ་ཨ་མེ་རི་ཁས་འཇར་པན་ལ་ཟིལ་ཤུགས་རྒྱུན་བསྲིང་གི་དམ་བཅའ་འདོན་སྤྲོད་བྱེད་རྒྱུ་བསྐྱར་སྒྲོག་བྱས། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་རྩ་བ་ནས་མེད་པར་གཏོང་བ་དང་སྔ་མོ་ནས་མི་གཏའི་བཙན་ཁྲིད་གནད་དོན་ཐག་གཅོད་བྱེད་པའི་དགོས་གལ་རང་བཞིན་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཕྱོགས་གཉིས་ཀྱིས་ད་རུང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་དང་ནམ་ཟླའི་འགྱུར་ལྡོག་སོགས་གནད་དོན་ཐད་ནས་མཉམ་ལས་བྱེད་རྒྱུ་ཁས་ལེན་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།