ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གིས་པུའུ་ལིན་ཁུན་གྱིས་རྒྱལ་སྲིད་བློན་ཆེན་གྱི་འགན་ཁུར་བར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གིས་ཚེས་ཉེར་དྲུག་ཉིན་འདེམ་ཤོག་འཕངས་ཏེ། སྔོན་ཆད་ཀྱི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་པུའུ་ལིན་ཁུན་གྱིས་རྒྱལ་སྲིད་བློན་ཆེན་གྱི་འགན་ཁུར་བར་ཆོག་མཆན་བཀོད། 

གྲོས་ཞུགས་ཁང་གིས་ཉིན་དེར་འདེམ་ཤོག་དོན་བརྒྱད་ཡིད་འཐད་བྱུང་བ་དང་། འདེམ་ཤོག་ཉེར་གཉིས་ཀྱིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་ཙུང་ཐུང་པེད་ཏིན་གྱི་པུའུ་ལིན་ཁུན་གྱིས་རྒྱལ་སྲིད་བློན་ཆེན་གྱི་འགན་ཁུར་བའི་མིང་འདོན་ལ་ཆོག་མཆན་བཀོད་ཡོད་ལ། ངོ་རྒོལ་བྱེད་པའི་འདེམ་ཤོག་ཚང་མ་སྤྱི་མཐུན་ཏང་གི་གྲོས་ཞུགས་གྲོས་མིས་འཕངས་པ་རེད། 

པུའུ་ལིན་ཁུན་གྱིས་ཚེས་བཅུ་དགུའི་ཉིན་གྲོས་ཞུགས་ཁང་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་ཉན་ཞིག་ཚོགས་འདུའི་སྟེང་བསྟན་དོན། པེད་ཏིན་སྲིད་གཞུང་གིས་ཨ་མེ་རི་ཁའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན། ཡེ་མིན་གྱི་འཁྲུག་རྩོད། དེ་མིན་དམག་དོན་ཚོད་འཛིན་གནད་དོན་བཅས་ཐད་ཀྱི་སྲིད་ཇུས་ལ་ལེགས་སྒྲིག་ངེས་ཅན་བྱེད་སྲིད་ཟེར། 

པུའུ་ལིན་ཁུན་ད་ལོར་དགུང་ལོ་ང་བརྒྱད་ཡིན་པ་དང་། ལོ་ངོ་སུམ་ཅུ་ཙམ་གྱི་ཕྱི་འབྲེལ་བྱ་བའི་ཉམས་མྱོང་ལྡན། པུའུ་ལིན་ཁུན་ཨོ་པཱ་མཱ་སྲིད་གཞུང་གི་སྐབས་སུ་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་དང་ཕྱི་འབྲེལ་ལས་དོན་གྱི་ཐབས་ཇུས་ནང་ཟབ་ཞུགས་བྱས་པ་དང་། སྔ་གཞུག་ཏུ་སྐབས་དེའི་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་དང་། ཙུང་ཐུང་གི་རྒྱལ་ཁབ་ལས་བདེ་འཇགས་ལས་དོན་གྱི་ལས་རོགས་པ་གཞོན་པ། དེ་མིན་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་བཅས་ཀྱི་འགན་ཁུར་མྱོང་། 

ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གིས་ཉེ་སྔོན་ད་རུང་བརྡས་ཐག་བཅད་དེ་པེད་ཏིན་གྱིས་རྒྱལ་སྲུང་བློན་ཆེན་དང་ནོར་སྲིད་བློན་ཆེན་གྱི་མིང་འདོན་ལ་ཆོག་མཆན་བཀོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།