ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀི་རུ་དང་ཏིས་པེ་རུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཁང་དངོས་སུ་སྒོ་འབྱེད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། མའོ་ལོ་ཀི་རུ་སྡོད་པའི་དབྱི་སི་རལ་གྱི་འབྲེལ་གཏུག་ཁྲུའུ་དེ་ཉིན་དེར་མའོ་ལོ་ཀིའི་རྒྱལ་ས་ལཱ་པཱ་ཐི་ནས་དངོས་སུ་སྒོ་འབྱེད་བྱས་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེ་གྲོང་ཁྱེར་དུ་ཡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཁང་ཡང་ཉིན་དེར་དངོས་སུ་སྒོ་འབྱེད་བྱས་ཟེར། 

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་ཧྲི་ཁི་ནཱ་ཆི་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བསྟན་དོན། མའོ་ལོ་ཀི་རུ་སྡོད་པའི་དབྱི་སི་རལ་གྱི་འབྲེལ་གཏུག་ཁྲུའུ་དང་ཏིས་པེ་རུ་སྡོད་པའི་གཞུང་ཚབ་ཁང་སྒོ་འབྱེད་བྱས་པ་ལས་དབུས་ཤར་ས་ཁུལ་དུ་དབྱི་སི་རལ་གྱི་ཕྱི་འབྲེལ་འཐུས་ཚབ་ཚོགས་པ་གསར་དུ་འཛུགས་པའི་དུས་རིམ་གལ་ཆེན་དང་པོ་ཡོངས་འགྲུབ་བྱས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཏིས་པེ་རུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཁང་གི་དམིགས་འབེན་གཙོ་བོ་ནི་རྒྱལ་ཁབ་གཉིས་བར་གྱི་དཔལ་འབྱོར་འབྲེལ་འདྲིས་འཕེལ་རྒྱས་སུ་གཏོང་བ་དང་། གཙོ་བོ་རྒྱལ་ཁབ་གཉིས་བར་གྱི་ཚན་རྩལ་མཐོན་པོའི་ཐོན་ལས་དང་མཁའ་འགྲུལ་ལས་རིགས། གནས་སྐོར་ལས་རིགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། 

གཞན་ཡང་དབྱི་སིར་ལ་གྱི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་དུ་སྡོད་པའི་མའོ་ལོ་ཀིའི་འབྲེལ་གཏུག་ཁྲུའུ་དེ་ཡང་ཉེ་ལམ་དབྱི་སི་རལ་དབུས་ཕྱོགས་ཀྱི་ཐི་ལཱ་ཝེ་ཧྥུའུ་གྲོང་ཁྱེར་ནས་སྒོ་འབྱེད་བྱེད་པའི་རེ་བ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ད་རུང་མ་འོངས་པར་ཕན་ཚུན་དུ་གཞུང་ཚབ་ཁང་འཛུགས་པའི་འཆར་གཞི་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།